བོད་ལྗོངས་ཀྱིས་གཞོན་ནུ་སྐྱེ་ཁམས་སྲུང་སྐྱོང་ལ་ཞུགས་པར་སྐུལ་སློང་བྱས་པ།
གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱིས་རྒྱ་ཆེའི་གཞོན་ནུ་ཚོ་སྐྱེ་ཁམས་སྲུང་སྐྱོང་ལ་ཞུགས་པར་སྐུལ་སློང་བྱས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་3པ་ནས་བཟུང་བོད་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་ཀྱིས་རིགས་ཁག་གི་གཞོན་ནུ་སྒྲིག་འཛུགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་སྒོ་1681སྤེལ་བ་དང་། བྱེད་སྒོར་ཞུགས་མཁན་གཞོན་ནུ་མི་ཐེངས་ཁྲི་2.8ཟིན་པ། ས་མཐོར་བཏབ་ན་འཚམ་པའི་སྦྱར་སྡོང་དང་། གླ་ཚེར། ལོ་ཕྲའི་འོམ་བུ་ཤིང་བཅས་ཁྱོན་སྡོང་ཕྲུག་ཁྲི་32ལྷག་ཙམ་བཏབ་པ། གད་སྙིགས་ཏུན་350ལྷག་ཙམ་གཙང་སེལ་བྱས་པ། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྒྲོག་འགྲེལ་བྱེད་ཚད་མི་ཐེངས་ཁྲི་5.5ལྷག་ཙམ་ཟིན་ཡོད།
གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ལྷན་དང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱིས་ལྷ་ས་སྟོད་ལུང་བདེ་ཆེན་ཆུས་སུ་རྒྱ་ཁྱོན་མུའུ་ཁྲི་30ཙམ་ཟིན་པའི“བོད་ཀྱི་གཞོན་ནུ་དང་བླངས་པའི་སྐྱེད་ཚལ”ཚོད་ལྟ་བྱས་ནས་བཏབ་པ་དང་གསོན་ཚད་80%ཡན་ཟིན་ཡོད། ད་དུང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་གུང་གཞོན་སྡེ་ཚོགས་རྩ་འཛུགས་ལ་ཁྱབ་གདལ་བཏང་བ་དང་ས་གནས་ཁག་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་དབུལ་སྐྱོར་གནས་སྤོ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས“གཞོན་ནུ་དང་བླངས་པའི་སྐྱེད་ཚལ”འདུ་འགོད་ལ་སྐུལ་འདེད་གཏོང་བའི་སྐུལ་སློང་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་དང་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱིས་ས་གནས་ཁག་ཏུ་རྣམ་པ་སྣ་ཚོགས་ཀྱི་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ་དང་། རྒྱ་ཆེའི་གཞོན་ནུ་ཚོར་སྐྱེ་ཁམས་ལ་གཅེས་སྐྱོང་དང་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བར་ཁྲིད་སྟོན་བྱེད་པ། སྟབས་བདེ་ཞིང་ཚད་རན་པོ་དང་། ལྗང་མདོག་ཐཱན་ཉུང་། ཡ་རབས་བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱས་ཡོད།
གོམ་སྟབས་རྗེས་མར་བོད་ལྗོངས་ཀྱིས་གཞོན་ནུ་ལོ་ཆུང་ཚོ་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་ཞབས་ཞུའི་བྱ་སྤྱོད་ལ་ཞུགས་རྒྱུར་མུ་མཐུད་སྐུལ་སློང་རྒྱ་ཁྱབ་དང་། སྤྱི་ཚོགས་སུ་སྐུལ་སློང་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་ཐོག་ཏུ་དྲིལ་བསྒྲགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། ལས་ཀའི་ཐོན་ཁུངས་བསྡུ་སྒྲིལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཞོན་ནུ་དེ་བས་མང་བས་རང་ངོས་ཀྱི་རིན་ཐང་དང་རང་ངོས་ཀྱི་བདེ་སྐྱིད་དོན་གཉེར་བྱེད་པ་དང་ཆབས་ཅིག་རྩི་ཤིང་ལ་དགའ་ཞེན་དང་ལང་ཚོའི་དཔལ་ཡོན་མངོན་པ་བྱས་ཏེ་ས་མཐོའི་སྐྱེ་ཁམས་དང་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱ་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དུ་འཇུག་རྒྱུ་རེད།