དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    འདི་ནི་སྐུ་མགྲོན་གྱིས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་བཞིན་པ།

    ཚེས་18ཉིན་གྱི་ཕྱི་དྲོར། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་དང་ལག་བསྟར་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་རེན་ཝེ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་དང་ལག་བསྟར་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་རན་ཧྲི་ཕིང་གིས་ཚང་མར་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་གཉེར་ཚུལ་དང་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

    སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་འགྲེམས་སྟོན་ལ་གསར་གཏོད་རང་བཞིན་ཆེན་པོ་ལྡན་པ་དང་། འགྲེམས་སྟོན་འགྲེམས་ཚོང་ལ་ཁྱད་ཆོས་ལྡན་པ། ཚོང་འགུགས་མ་འདྲེན་ལ་ཕན་འབྲས་ཐོན་པ་བཅས་བྱུང་བ་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། སྐྱེ་ཁམས་བཟང་བ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ཕྱོགས་ཡོངས་ནས་མངོན་པ། འཛམ་གླིང་ལ་བོད་ལྗོངས་ཀྱི་དུས་རབས་ཀྱི་འཕོ་འགྱུར་ཆེན་པོ་དང་དུས་རབས་གསར་པར་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་དང་བབ་ཆགས་པའི་དམངས་སྲོལ་གོམས་གཤིས་ཇི་མ་ཇི་བཞིན་མངོན་ཡོད། འདི་ནི་རྒྱལ་སྤྱིའི་ཁྱད་ཆོས་དང་། ས་ཁོངས་ཀྱི་ཁྱད་ཆོས། ལས་རིགས་ཀྱི་ཁྱད་ཆོས་བཅས་ལྡན་པའི་འདུ་ཚོགས་གཟབ་རྒྱས་ཤིག་རེད། 

    སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་བྱེད་སྒོར་ནེ་པ་ལ་དང་མོང་གོལ་རྒྱལ་ཁབ་ཀྱི་སྲིད་དོན་མི་སྣ་གལ་ཆེན་དང་། ཐང་ཀ་དང་བྷང་ག་ལ་སོགས་རྒྱལ་ཁབ་8ཀྱི་གཞུང་ཚབ། ཧན་གོའི་ཆིང་ཧྲང་ནན་ཏའོ་དང་ནེ་པ་ལའི་ཀ་ཏ་མན་རྡུ་སོགས་རྒྱལ་སྤྱིའི་མཛའ་གྲོགས་གྲོང་གི་འཐུས་མི་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་ཀྱི་སྐུ་མགྲོན། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)19དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་འཐུས་མི་ཚོགས་པ། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་ཀྱི་སྐུ་མགྲོན་དང་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གྱི་གསར་འགོད་པ་བཅས་མི་1458གདན་དྲངས་པར་ཚད་གཞི་མཐོ་བ་དང་ཁྱབ་ཁོངས་རྒྱ་ཆེ་བ་དེ་སྔོན་བྱུང་མྱོང་མེད། འགྲེམས་ཁང་སྒོ་ཕྱེ་བ་ནས་བཟུང་ལྟ་སྐོར་བ་རྒྱུན་མི་ཆད་ཅིང་། མིག་སྔའི་བར་དྲ་ཕྱིའི་འགྲེམས་ཚོགས་ལ་ལྟ་མཁན་མི་ཐེངས་ཁྲི་12ཟིན་པ་དང་། དྲ་ཐོག་ནས་འགོ་ཚུགས་མཛད་སྒོའི་ཐད་གཏོང་ལ་ལྟ་མཁན་མི་ཐེངས་ཁྲི་ཚོ་དུ་མ་ཟིན་ཡོད། བྱེད་སྒོའི་གཞི་ཁྱོན་དང་། ཞུགས་མཁན་མི་གྲངས། སྤྱི་ཚོགས་ཀྱི་དོ་ཁུར་བྱེད་ཚད་བཅས་རྒྱུན་མཐུད་མཐོ་རུ་འགྲོ་བཞིན་ཡོད་པ་རེད།

    ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་ལ་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོར་ཁྱོན་འཐབ་ཇུས་སྒྲོམ་གཞིའི་གྲོས་མཐུན་7ལ་མིང་རྟགས་བཀོད་པ་དང་། རྣམ་གྲངས་ཀྱི་གན་རྒྱ་60བཞག་པ། གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར་531.83ཟིན་ཡོད་པ་རེད།

    སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་རྒྱལ་སྤྱིའི་སྤེལ་རེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཞིང་། ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་བོད་ལྗོངས་འགྲེམས་ཚོགས་ཀྱི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་དང་ཀྲུང་གོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་མངོན་པ་དེ་ནི་བོད་དུ་བསྐྱོད་པ་དང་བོད་ལ་རྒྱུས་མངའ་ལོན་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    བོད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། ཕྱི་ཤུགས་ཡག་པོ་སྤྱོད་པ་དང་། ནང་ཤུགས་ཆེ་རུ་གཏོང་བ། མཉམ་ཤུགས་གཅིག་ཏུ་བསྒྲིལ་བ་བཅས་བྱས་ནས། བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་དེ་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།