དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྔོ་ལྗང་རི་ཀླུང་ལས་རེ་བའི་འབྲས་བཟང་སྨིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-16

    བོད་དུ་མུ་ལ་མུ་འཁྱུད་ཀྱི་རི་ཚོགས་བརྗིད་ཉམས་ཆེ་ཞིང་འགྱིང་ངེར་གནས་པ་དང་ཆུ་བོ་མང་པོ་ལང་ལོང་དུ་རྒྱུག་པ་སོགས་ཀྱི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་མང་པོ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ཡུལ་སྐོར་གྱིས་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་བསྐྲུན་པའི་དམིགས་ཚད་ལ་གཞིགས་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡིན་པའི་འདུ་ཤེས་ལག་ལེན་བསྟར་ཏེ། ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།

    རང་ལྗོངས་ཀྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་རང་ཡུལ་གྱི་ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་མུ་མཐུད་བཏོད་པ་དང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཁྱད་ཆོས་དེ་བས་ལྡན་པའི་ཆེད་དོན་རྣམ་གྲངས་དང་། ཡུལ་སྐོར་གྱི་ཐོན་རྫས་རྩེ་གྲ ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་བཅས་ཁག་གཅིག་རྒྱུན་མཐུད་བཏོད་ཡོད། གྲངས་གཞི་ལས་མངོན་པར། 2023ལོའི་དུས་ཚིགས་དང་པོར་རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་255.74ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་20.3བྱུང་བ་དང་། ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེར་ཕྱིན་ཡོད་པ་བཅས་རེད།

    བོད་ཀྱི་རི་ཆུ་མཛེས་སྡུག་ལྡན་ལ་བྱེད་ནུས་ཀྱང་ཆེན་པོ་ཡོད།

    ཞིང་ཆེན་ལམ་306བརྒྱུད་དེ་ལྷོ་ཁ་ནས་ཉིང་ཁྲིར་སྐྱོད་པའི་ལམ་བར་དུ་རྒྱ་ཚ་རྫོང་དྭགས་པོ་རོང་ཁུལ་བརྒྱུད་དགོས་ཀྱི་ཡོད། དེའི་གཞུང་ལམ་གྱི་ངོགས་གཉིས་སུ་སྔོ་ལྗང་གོས་བཟང་གིས་བཀླུབས་པའི་བརྗིད་ཆགས་རི་བོ་དང་ལང་ལོང་དུ་རྒྱུག་པའི་ཆུ་མོ་ཡར་ཀླུང་གཙང་པོ་དང་རྫམ་ཆུ་ཤུགས་གློག་ཁང་སོགས་མཐོང་ཐུབ། རྫམ་ཆུ་ཤུགས་གློག་ཁང་ནི་ཡར་ཀླུང་གཙང་པོའི་ཆུ་གཞུང་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་དང་པོ་དེ་ཡིན་པ་དང་འཕྲུལ་ཙུའུ་6ནས་གློག་འདོན་ཤུགས་བསྡོམས་ཆན་ཝ་ཁྲི་51ཟིན་པ་དང་།

    ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་25ཟིན་པའི་འཆར་འགོད་བྱས་པ་དང་། 2015ལོ་ནས་བཟུང་ཕྱོགས་ཡོངས་ནས་གློག་གཏོང་འགོ་ཚུགས་ཡོད།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་གྱི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དགའ་ལྡན་ཁང་གསར་གྲོང་ཚོར་ས་བཟུང་རྒྱ་ཁྱོན་མུའུ་2200ཟིན་པ་དང་ཉི་ནུས་འོད་ཤུགས་གློག་གི་ཤེལ་ལེབ་ཁྲི་2.5ལྷག་ཙམ་དགུང་སྔོན་སྤྲིན་དཀར་འོག་ཏུ་བཀྲག་མདངས་འཚེར་བཞིན་ཡོད། “དེ་ནི་བོད་ཀྱི་ས་བབ་མཐོ་ཚད་སྨི་4500ཡན་གྱི་འོད་ཤུགས་དང་གསོག་ནུས་ཟུང་དུ་འབྲེལ་བའི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་སྔོན་ཚུད་ཚོད་ལྟ་བྱ་ཡུལ་ཞིག་རེད” ཧྭ་གློག་ནུས་རྒྱུ་གསར་པའི་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་རྣམ་གྲངས་འགན་འཁུར་བ་ཅང་ཅ་པའོ་ཡིས་བོད་ལྗོངས་ཧྭ་གློག་ནག་ཆུ་གསེར་རྙེད་ཆུས་ཀྱི་ཆན་ཝ་ཁྲི་12ཟིན་པའི་འོད་ཤུགས་གློག་གཏོང་གློག་ཤུགས་མཁོ་སྤྲོད་འགན་ལེན་རྣམ་གྲངས་ཚང་མ་སྤྱོད་འགོ་ཚུགས་རྗེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་7.63གྲོན་ཆུང་ཐུབ་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྔར་བས་ཞབས་འདེགས་ཞུ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    རི་བོ་ཧི་མ་ལ་ཡའི་བྱང་འདབས་སུ་ཡོད་པའི་གྲི་གུ་རྩྭ་ཐང་དུ་རླུང་བུ་འུར་འུར་དུ་ལྡང་བས་རླུང་འཁོར་མང་པོ་རླུང་ཕྱོགས་དང་བསྟུན་ནས་འཁོར་བཞིན་ཡོད། གྲི་གུ་རླུང་གློག་ར་བའི་དུས་ཐེངས་དང་པོའི་རྣམ་གྲངས་དེ་2021ལོའི་ལོ་མཇུག་ནས་གློག་གཏོང་འགོ་ཚུགས་ཚུན་འཁོར་སྐྱོད་བརྟན་པོ་བྱུང་བ་དང་། འདི་ལོའི་ཟླ་3ཚེས་15ཉིན་བར་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1ལྷག་ཙམ་ཟིན་ཡོད། པད་མས་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུ་ཟ་ཁང་ཞིག་བཙུགས་ཡོད། དེ་སྔོན་གློག་ཡང་སེ་ཆད་ནས་ཟ་ཁང་གི་ཤེལ་ཏོག་མང་པོ་འཚིག་གི་ཡོད། གྲི་གུའི་རླུང་གློག་རྣམ་གྲངས་ནས་གློག་གཏོང་འགོ་ཚུགས་པས་པད་མའི་ཟ་ཁང་གི་གློག་བརྟན་དུ་ཕྱིན་ཡོད།

    བོད་ཀྱི་ཆུ་ནུས་ཐོན་ཁུངས་གསར་སྤེལ་ཐུབ་ཚད་དང་། ཉི་ནུས་དང་ས་འོག་ཚ་ནུས་ཀྱི་གསོག་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་རླུང་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ནུས་རྒྱུ་གསར་པའི་བང་མཛོད་ལྟ་བུ་རེད། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་ཀྱི་གློག་གཏོང་ནུས་ཆེ་རུ་ཤུགས་ཆེན་ཕྱིན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་ལྗོངས་ཡོངས་ཀྱི་གློག་ཤུགས་ནས་གློག་འདོན་ཚད་ཁྱོན་ཆན་ཝ་ཁྲི་401.85ཟིན་པའི་ནང་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་དུས་མཚུངས་ཆུ་གློག་དང་། རླུང་གློག ས་འོག་ཚ་ནུས། དེ་བཞིན་ཉི་ནུས་འོད་ཤུགས་གློག་གཏོང་ཚད་ཆན་ཝ་ཁྲི་358ཟིན་པ་དང་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཀྱིས་བསྡུར་ཚད་བཟུང་ཚད་89.09%ཟིན་ཡོད་པ་རེད།

    2023ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ནུས་རྒྱུ་གཙང་མའི་མངོན་མེད་ནུས་ཤུགས་སྔོག་འདོན་བྱས་ནས་ཆུ་དང་། འོད། རླུང་། ཚ་ནུས་བཅས་ནུས་མང་གསབ་རེས་དང་གློག་ཁུངས་དང་། གློག་དྲ། ཐེག་ནུས། གློག་གསོག་བཅས་གཞི་གཅིག་ཅན་གྱི་གསར་སྤེལ་མཐའ་འཁྱོངས་ཀྱིས་ནུས་རྒྱུ་གཙང་མའི་ཐོན་ལས་ཀ་རྟེན་དུ་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མ་ལག་གང་མགྱོགས་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན་ཡོད། བོད་ཀྱིས“ཐོན་ཁུངས་ཀྱི་ལེགས་ཆ”དེ“ནུས་རྒྱུའི་ལེགས་ཆ”དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་འབད་བརྩོན་བྱེད་བཞིན་ཡོད།

    མིག་སྔར་བྱང་རྩྭ་ཐང་གི་སྤང་གཤོངས་སྔོན་མོར་ནོར་ལུག་གི་ཁྱུ་དང་ཁྱུ་རྩྭ་ཆུར་ཅི་དགར་རོལ་བ་དང་། མྱང་ཆུ་གཙང་འགྲམ་གྱི་ནས་ཞིང་སྔོ་ཐིང་ངེར་གྱུར་ཡོད། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་རི་ཀླུང་ཀུན་ནས་མངོན་གྱི་ཡོད། བོད་ཀྱི་མི་དམངས་ཀྱིས་རང་བྱུང་ཁམས་ཀྱིས་ང་ཚོར་གནང་བར་གཅེས་སྤྲས་བྱས་ནས་རི་ཆུ་ཀླུང་གསུམ་དང་རྩྭ་རྩི་ཤིང་ཚུན་ཆད་ལ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡོད། ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ཏེ། ངར་སེམས་ཆེར་སྐྱེད་དང་འབད་འབུངས་མདུན་སྐྱོད་བྱས་ནས་དུས་རབས་གསར་པའི་རྒྱང་ལམ་གསར་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།