དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • མངའ་རིས་ས་ཁུལ་གྱིས།

    གཙང་པོ་དང་མཚོ་23གྱི་ཆུ་སྤུས་ལ་གདེང་འཇོག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-09

    གསར་འགོད་པས་མངའ་རིས་ས་ཁུལ་གྱི་སྤྱིའི་ཆུ་དཔོན་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ས་ཁུལ་རིམ་པའི་གཙང་པོ་དང་མཚོ་ཡི་ཆུ་སྤུས་ལ་གདེང་འཇོག་བྱེད་པའི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་ཆེད། ཟླ་4པའི་ཟླ་སྨད་ནས་བཟུང་མངའ་རིས་ས་ཁུལ་གྱི་སྤྱིའི་ཆུ་དཔོན་གཞུང་ལས་ཁང་གིས་འབྲི་ཆུ་ཆུ་བེད་ཨུ་ལྷན་འབྲི་ཆུ་ཚན་རིག་ཁང་སྒྲིག་འཛུགས་བྱས་ནས་གུང་ཆུ་དང་ལ་ལྔ་མཚོ་སོགས་ས་ཁུལ་རིམ་པའི་གཙང་པོ་དང་མཚོ་23གྱི་ཆུ་སྤུས་ལ་གདེང་འཇོག་བྱེད་པའི་ལས་དོན་སྤེལ་བ་རེད།

    གཙང་པོ་དང་མཚོ་ཡི་ཆུ་སྤུས་ལ་གདེང་འཇོག་བྱེད་པ་ནི་གཙང་པོ་དང་མཚོ་ཡི་ཆུ་སྤུས་གནས་ཚུལ་ཁོང་དུ་ཆུད་པ་དང་དེར་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། “གཙང་པོ་(མཚོ)རེར་ཐབས་ཇུས་རེ”བཟོ་རྒྱུར་མཛུབ་ཁྲིད་བྱེད་པ་དང་དེ་བཞིན་གཙང་པོ་དང་མཚོའི་མ་ལག་བཅོས་སྐྱོང་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པ། ཆུ་དཔོན་དང་མཚོ་དཔོན་གྱིས་གཙང་པོ་དང་མཚོའི་དོ་དམ་སྲུང་སྐྱོང་ལས་དོན་ལ་འགོ་ཁྲིད་དང་། གཙང་པོ་དང་མཚོའི་དོ་དམ་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་དཔྱད་གཞི་གལ་ཆེན་ཞིག་ཀྱང་རེད།

    མངའ་རིས་ས་ཁུལ་གྱིས་2021ལོར་རྩ་མདའ་རྫོང་གི་མདའ་འབབ་དང་། སྒེར་རྩེ་རྫོང་གི་སྟོང་མཚོ། སྒར་རྫོང་གི་ཁྲི་ཙོ་གཙང་པོ་དང་གླང་ཆུ་བཅས་ས་ཁུལ་རིམ་པའི་གཙང་པོ་དང་མཚེའུ་4ལ་སྔོན་དུ་གཙང་པོ་དང་མཚོ་ཡི་ཆུ་སྤུས་ལ་གདེང་འཇོག་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་བར་ཕན་འབྲས་བཟང་པོ་ཐོན་ཡོད། དེ་རྗེས་མངའ་རིས་ས་ཁུལ་གྱིས་ཡོངས་བསྒྲགས་ངང་སུས་འཇོན་དེ་འགུགས་བྱེད་པའི་བྱ་ཐབས་བརྒྱུད་ཕྱོགས་གསུམ་པའི་སྒྲིག་ཁོངས་ཚན་པ་འབྲི་ཆུ་ཆུ་བེད་ཨུ་ལྷན་འབྲི་ཆུ་ཚན་རིག་ཁང་ལ་མངགས་བཅོལ་བྱས་ནས་ས་ཁུལ་རིམ་པའི་གཙང་པོ་དང་མཚོ་23གྱི་ཆུ་སྤུས་ལ་གདེང་འཇོག་བྱེད་པའི་ལས་དོན་སྤེལ་བ་རེད། ཟླ་4པའི་ཟླ་སྨད་ནས་བཟུང་ལས་དོན་མི་སྣ་མངའ་རིས་ས་ཁུལ་དང་དེ་བཞིན་རྫོང་7ལ་བསྐྱོད་དེ་གཙང་པོ་དང་མཚོའི་གནས་སྟངས་ཀྱི་གྲུབ་ཆའི་ཆ་ཚང་རང་བཞིན་ལ་བརྟག་དཔྱད་དང་། ཆུ་དཔྱད་དང་ཆུ་སྤུས་ལ་བརྟག་དཔྱད་ཚད་ལེན། ཆུར་གནས་སྐྱེ་དངོས་ལ་བརྟག་དཔྱད་ཚད་ལེན། སྤྱི་ཚོགས་ཀྱི་ཞབས་འདེགས་ནུས་པར་བརྟག་དཔྱད་བཅས་བྱས་ཤིང་། མིག་སྔའི་བར་གཙང་པོ་དང་མཚོ་18ལ་ས་གནས་ས་ཐོག་ཏུ་བརྟག་དཔྱད་ཚད་ལེན་དང་མ་དཔེ་འཚོལ་བསྡུའི་ལས་དོན་ལེཌ་སྒྲུབ་བྱས་པ་རེད།

    གོམ་སྟབས་རྗེས་མར་མངའ་རིས་ས་ཁུལ་གྱིས་གཙང་པོ་དང་མཚོ་23གྱི་ཆུ་དཔྱད་དང་། ཆུ་སྤུས། ཆུའི་སྐྱེ་ཁམས་བཅས་ཀྱི་འབྲེལ་ཡོད་གདེང་འཇོག་དམིགས་ཚད་ཀྱི་ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་དང་གསལ་འབྱེད་ལས་དོན་གང་མགྱོགས་ལེགས་སྒྲུབ་བྱས་ནས་གཙང་པོ་དང་མཚོ་ཡི་ཆུ་སྤུས་སྲུང་སྐྱོང་དང་སླར་གསོའི་དམིགས་ཚད་ཀྱི་གྲོས་འགོའི་ཇུས་གཞི་བཟོ་བ་དང་། གཙང་པོ་དང་མཚོ་ཡི་ཆུ་སྤུས་གདེང་འཇོག་གི་སྙན་ཞུ་འབྲི་བ། གཙང་པོ་དང་མཚོའི་ཆུ་སྤུས་ཡིག་ཚགས་དང་གཱ་བཟོ་བར་སྐུལ་འདེད་ཧུར་ཐག་གཏོང་བ། མཛེས་སྡུག་ལྡན་པའི་གཙང་པོ་དང་མཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མངའ་རིས་ས་ཁུལ་གྱི་ཆུ་བེད་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།