འདི་ལོའི“ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་ཐོག་མ་ལྷ་སར་འབྱོར་བ།
“མེ་འཁོར་ལ་བསྡད་དེ་ལྷ་སར་བསྐྱོད། ངོ་མཚར་ཆེ་བའི་པོ་ཏ་ལར་ལྟ་བར་འགྲོ”ཞེས་པའི《མེ་འཁོར་ལ་བསྡད་དེ་ལྷ་སར་བསྐྱོད》ཅེས་པའི་གླུ་གཞས་འགྱུར་ཁུག་ཁྲོད། ཟླ་5ཚེས་31ཉིན་གྱི་དགོང་མོར། 2023ལོའི“གཅིག་སེམས་གཅིག་སྦྲེལ།·ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་ཐོག་མ་ལྷ་སར་འབྱོར་བ་རེད།
འདི་ལོ་ལོ་71ལ་སླེབས་པའི་པེ་ཅིང་གི་གྲོང་མི་ལི་ཏུང་དབྱིས“ང་རང་གངས་ལྗོངས་ས་མཐོར་ཡོང་ཐེངས་དང་པོ་ཡིན། མེ་འཁོར་ནས་འབབ་མ་ཐག་བོད་མི་དམངས་ཀྱི་སེམས་རྩ་འཁོལ་པོ་མྱོང་ཚོར་ཐུབ་བྱུང་བས་སླད་ཕྱིན་བོད་དུ་ཡོང་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་དགའ་སྤྲོའི་ངང་བརྗོད།
ཀྲུང་གོ་ལྕགས་ལམ་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཡན་ལག་ཀུང་སིའི་ལས་སྒོའི་ཅིང་ལི་ཝང་གཡོད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར“ཅིན་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་ཐེངས་གསུམ་གཏོང་རྒྱུ་དང“ཆེད་སྤྱོད་མེ་འཁོར་རེར་བརྗོད་དོན་གཙོ་བོ་རེའི”བྱ་ཐབས་སྤྱོད་རྒྱུ་རེད། ད་ཐེངས་ཀྱི་ཡུལ་སྐོར་མེ་འཁོར་ལ“རྒྱུན་གཏོང་མེ་འཁོར་+ཡུལ་སྐོར་ཆེད་སྤྱོད་མེ་འཁོར”གྱི་སྡེབ་སྒྲིག་བྱ་ཐབས་སྤྱད་པ་དང་། པེ་ཅིང་ནུབ་ཚུགས་ནས་ཟི་ལིང་དུ་སྐྱོད་མཁན་ཡུལ་སྐོར་བས་ཐེངས་གྲངས་T175དང་Z151རྟགས་ཅན་གྱི་མེ་འཁོར་ལ་བསྡད་ན་ཆོག་པ་དང་། ཟི་ལིང་ནས་ལྷ་སར་སྐྱོད་མཁན་ཡུལ་སྐོར་བས་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཐེངས་གྲངས་Y971གི་གསོ་རླུང་ཡོད་པའི་མེ་འཁོར་ལ་བསྡད་ན་ཆོག་གི་ཡོད། མེ་འཁོར་ལ་ཕྱོགས་བཞིར་ཁྱབ་པ་དང་ཁ་ཐོར་ཁྱབ་པའི་གསོ་རླུང་མཁོ་འདོན་བྱེད་སྟངས་གཉིས་བཀོད་སྒྲིག་བྱས་ཡོད་པས་མཁའ་རླུང་སྙོམས་སྒྲིག་བརྒྱུད་མེ་འཁོར་ནང་གསོ་རླུང་མཁོ་འདོན་ཐུབ་པའམ་ཡང་ན་གསོ་རླུང་མཁོ་འདོན་སྦུག་ལམ་བརྒྱུད་རྐུབ་སྟེགས་ཐོག་ཛ་དྲག་གསོ་རླུང་མཁོ་འདོན་ཐུབ་ཀྱི་ཡོད་པས་ཡུལ་སྐོར་བར་ལམ་བར་དུ་ས་མཐོའི་ལ་དུག་ཕོག་ནས་གཟུགས་པོ་མི་བདེ་བའི་སྣང་ཚུལ་ཆུང་དུ་གཏོང་ཐུབ་ཀྱི་ཡོད།
“གཅིག་སེམས་གཅིག་སྦྲེལ།·ཅིང་བོད་རྟགས་ཅན”གྱི་བོད་སྐྱོར་ཡུལ་སྐོར་མེ་འཁོར་གྱི་ལམ་ཐིག་ཧྲིལ་པོར་ཁྱོན་ཉིན་14འགོར་གྱི་ཡོད། ཉིན་14ཡི་ཡུལ་སྐོར་བའི་ལམ་བར་དུ་ཟི་ལིང་དང་། ལྷ་ས། ཉིང་ཁྲི། ལྷོ་ཁ་སོགས་སུ་སླེབས་ཀྱི་ཡོད་པས། ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལ་དང་། ཡར་ཉང་འདམ་ར། བྲག་གསུམ་མཚོ། ཀླུ་ནང་ནགས་ཚལ། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ། མཁའ་ལྡིང་རྦབ་ཆུ། ཡར་འབྲོག་གཡུ་མཚོ་སོགས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ངོ་མཚར་ཆེ་བའི་མི་ཆོས་རིག་གནས་ཀྱི་ཡུལ་ལྗོངས་16མྱོང་རོལ་ཐུབ་རྒྱུ་རེད།
པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པ་དང་། ཁྲེང་ཀོན་ཆུས་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཆུས་ཀྲང་གཞོན་པ་བཅས་ཡིན་པའི་ལི་ཀྲེན་གྱིས།“ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་ནི་གངས་ལྗོངས་ས་མཐོའི་ཡུལ་སྐོར་གྱི་མིང་བྱང་གསར་པ་ཞིག་ཡིན་ལ། པེ་ཅིང་གི“ཡུལ་སྐོར་བ་བོད་དུ་སྐྱོད་པའི”གཙོ་གནད་བོད་སྐྱོར་བྱ་ཐབས་ཤིག་ཀྱང་ཡིན་པས། ལྷ་སའི་ཁྱད་ལྡན་ཐོན་རྫས་དང་ཡུལ་སྐོར་ཐོན་ཁུངས་ཕྱིར་ཚོང་བྱེད་པར་སྐུལ་ཁྲིད་ཐུབ་ནས། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་འགྲོ་བར་སྐུལ་འདེད་ཀྱིས་པེ་ཅིང་དང་ལྷ་ས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད་པ་རེད།