དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་འཐོབ་མཁན་དབྱང་ལེས་བརྗོད་དོན།

    ས་མཐོའི་སྲོག་ཆགས“སྲུང་སྐྱོང་བ”ཡག་པོ་ཞིག་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-31

    འདས་ཟིན་པའི་ལོ་18རིང་། དབྱང་ལེས་སེམས་ནུས་ཡོད་རྒུ་ཡངས་ཤིང་རྒྱ་ཆེ་བའི་ས་མཐོའི་ས་གཞི་ཆེན་པོར་བཏོན་ཏེ“ནུབ་རྒྱུད་འཆར་གཞིའི”དང་བླངས་པ་ཞིག་ནས་རྒྱལ་ཁབ་ཀྱི་གཙོ་གནད་རྣམ་གྲངས་ཀྱི་ཞིབ་འཇུག་བྱ་གཞི་གཙོ་སྐྱོང་བྱེད་མཁན་ཚན་ཞིབ་ལས་དོན་པ་ཞིག་ཏུ་འགྱུར་བར་གཞོལ་ཡོད།

    2023ལོར་དབྱང་ལེ་ལ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པ་རེད།

    འདི་ལོ་ལོ་41ལ་སླེབས་པའི་དབྱང་ལེས་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་དང་སུའོ་ཀྲང་གཞོན་པའི་འགན་ཁུར་ཏེ། ལོ་མང་རིང་ས་མཐོའི་རི་སྐྱེས་སྲོག་ཆགས་རྩ་ཆེན་ལ་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན། ཞིབ་འཇུག སྲུང་སྐྱོང་བཅས་བྱེད་བཞིན་ཡོད་ལ། ལོ་ལྟར་བོད་ཀྱི་རྫོང་དང་ཆུས་ཚང་མར་བརྟག་དཔྱད་བྱེད་པར་བསྐྱོད་པའི་ལམ་ཐག་སྤྱི་ལེ་ཁྲི་2ཙམ་ཟིན་གྱི་ཡོད།

    རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་གཙོ་བོ་ས་བབ་མཐོ་ཚད་སྨི་2500ནས་སྨི་5000བར་གྱི་ས་མཐོ་དང་། ན་ཁ། འདམ་ཁུལ་བཅས་སུ་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་དེ་ནི་འཛམ་གླིང་གི་ཁྲུང་ཁྲུང་རིགས་15ཡི་ཁྲོད་ཀྱི་ས་མཐོའི་ཁྲུང་ཁྲུང་རིགས་འབའ་ཞིག་དེ་རེད། 2007ལོ་ནས་བཟུང་དབྱང་ལེས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་བོད་ཀྱི་དགུན་སྒྲོལ་ཁྲུང་ཁྲུང་སྐེ་ནག་ལ་དགུན་དུས་བརྟག་དཔྱད་ཐེངས་10ལྷག་ཙམ་བྱས་པ་མ་ཟད་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་གནས་སྟངས་དང་། ཉེན་ཟོན་བྱ་སྤྱོད། མིའི་འགོག་རྐྱེན་སོགས་ལ་དམིགས་ནས་ཆེད་མངགས་ཞིབ་འཇུག་བྱས་པ་རེད།

    བོད་ཀྱི་ཚན་ཞིབ་ལས་དོན་པའི་འཐུས་མི་ཞིག་གི་ངོས་ནས་དབྱང་ལེས་ད་དུང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ལས་དོན་ལ་ཞུགས་ནས་ཡར་ཀླུང་གཙང་པོ་དང་། སི་གླིང་འདུས་མཚོ། གནམ་མཚོ་སོགས་འདམ་ར་གལ་ཆེན་འཕེལ་རྒྱས་དང་དགུན་སྒྲོལ་ཆུ་བྱར་རྒྱུན་མཐུད་ལྟ་ཞིབ་ཚད་ལེན་བྱས་ཤིང་། ཁོང་གིས《བོད་ཀྱི་འདམ་རའི་ཆུ་བྱའི་མིང་གཞུང》ཐོག་མར་ཕྱོགས་བསྒྲིགས་བྱས་པ་མ་ཟད། སྔ་རྗེས་སུ་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ཀྱི་ཞིབ་འཇུག་བྱ་གཞི་དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས། རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་སོགས་ཀྱི་ཚན་ཞིབ་རྣམ་གྲངས་དང་ཞིབ་འཇུག་བྱ་གཞི་ཁག་10ལྷག་ཙམ་གཙོ་སྐྱོང་བྱས་ཏེ་ཞིབ་འཇུག་གི་གྲུབ་འབྲས་ལ་བརྟེན་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་ཞབས་འདེགས་ཞུས་ཡོད།

    “རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ས་མཐོའི་སྲོག་ཆགས་ཞི་མཐུན་མཉམ་གནས་དང་མི་རབས་ནས་མི་རབས་བར་གནས་ཐུབ་པར་བྱེད་ཀྱི་ཡིན་ལ། བོད་ཀྱི་ས་མཐོའི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རེ་བས་ཁེངས་པའི་འབྱུང་འགྱུར་ཡང་གཏོད་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་མཛེས་སྡུག་ལྡན་པའི་བོད་ལྗོངས་ས་མཐོའི་སྲོག་ཆགས“སྲུང་སྐྱོང་བ”ཡག་པོ་ཞིག་བྱེད་མཁན་དབྱང་ལེས་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།