དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཇོ་མོ་གླང་མའི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-05-29

    ཡུལ་སྐོར་བ་བླུགས་པའི་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་འཁོར་ཆེན་པོ་ཞིག་ཇོ་མོ་གླང་མའི་ཕྱོགས་སུ་སྐྱོད་བཞིན་པ།

    “ཇོ་མོ་གླང་མའི་ས་ཁུལ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་མྱོང་ཚོར་བྱེད་པའི་མདུན་ཕྱོགས་རེད། ཇོ་མོ་གླང་མའི་གངས་ལ་དབྱེ་ཞིབ་བྱས་པ་བརྒྱུད་མཁྲེག་འགྱུར་སྦགས་བཙོག་དངོས་པོས་ཇོ་མོ་གླང་མའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཅུང་ཆུང་དུ་ཕྱིན་པ་ཤེས་རྟོགས་ཐུབ་ཡོད། དེ་ཐོག་ནས་རང་རྒྱལ་གྱིས་ལོ་མང་རིང་ཇོ་མོ་གླང་མའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱས་པར་གྲུབ་འབྲས་ཐོབ་པ་མངོན་ཡོད”ཅེས་ཇོ་མོ་གླང་མའི་ས་ཁུལ་དུ་ཚན་རིག་རྟོག་ཞིབ་ཐེངས་12བྱེད་མཁན་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཁང་ཧྲི་ཁྲང་གིས་བརྗོད་པ་དང་། ཁོང་གིས། གནམ་གཤིས་དྲོ་རུ་འགྲོ་བའི་རྒྱབ་ལྗོངས་འོག་གོ་ལ་ཧྲིལ་པོའི་འཁྱགས་རོམ་ཕྱོགས་ཡོངས་བཞུར་ཚུལ་ནི་ལྡོག་ཐབས་མེད་པ་ཞིག་རེད། འོན་ཀྱང་འཛམ་གླིང་གི་ས་ཁུལ་གཞན་དག་དང་བསྡུར་ན་ཇོ་མོ་གླང་མའི་ས་ཁུལ་དང་དེ་བཞིན་མཚོ་བོད་ས་མཐོའི་འཁྱགས་རོམ་བཞུར་ཚད་བལྟོས་བཅས་ཀྱིས་འགོར་བ་ཡོད་ཅེས་བརྗོད་པ་རེད།

    “ལོ་མང་རིང་སྲུང་སྐྱོང་བྱས་པ་བརྒྱུད་ཇོ་མོ་གླང་མའི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱིས་བརྗོད་པ་དང་། རིགས་གཅིག་མཁས་ཅན་གྱིས་དཔྱད་དཔོག་བྱས་པར་གཞིགས་ན། ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་གྱིས་སྟོངས་ཉེར་ཡོད་པའི་རྩ་ཆེའི་སྲོག་ཆགས་དང་དངོས་རིགས་སྐྱེ་འཕེལ་དང་འཚོ་གནས་བྱ་ཡུལ་དང་། དུས་བྱ་གནས་སྤོའི་མཚོ་དང་འདམ་ར་གལ་ཆེན། དེ་བཞིན་ཚན་ཞིབ་དང་ཡུལ་སྐོར་གྱི་རིན་ཐང་གལ་ཆེན་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། ས་གཤིས་རྗེས་ཤུལ། སྐྱེ་དངོས་འགྱུར་རྡོ་བཅས་ཚུད་པའི་བོད་ཀྱི་ས་ཁོངས་ནང་གི་མཚོན་བྱེད་རང་བཞིན་གྱི་སྐྱེ་ཁམས་མ་ལག་དང་རང་བྱུང་ཁོར་ཡུག་སྲུང་སྐྱོང་ཅུང་ཡག་པོ་བྱས་ཡོད་པ་རེད།

    ཇོ་མོ་གླང་མའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་བྱ་ཆེད། རང་རྒྱལ་གྱིས་1988ལོར་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་། རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་3.38ཟིན་ཞིང་། དེ་ནི་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་གཟར་ཚད་ཧེ་བག་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པ་དང་། གཙོ་བོ་རི་བོ་ཧ་ཅང་མཐོ་བའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་ཀྱི་ཡོད། 1994ལོར་ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་སྤར་བྱས་པ་དང་། 2005ལོར་འཛམ་གླིང་སྐྱེ་དངོས་མུ་ཁྱུད་སྲུང་སྐྱོང་ཁུལ་དུ་ཚུད་ཡོད་པ་རེད།

    མཚོ་བོད་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་རུ་ཁག་གི་རུ་དཔོན་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་གིས་ངོ་སྤྲོད་བྱས་དོན། འདི་ལོ་ཇོ་མོ་གླང་མར་ཚན་རིག་རྟོག་ཞིབ་བྱེད་སྐབས། ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་མུ་མཐུད་གསལ་སྟོན་བྱེད་པའི་རྨང་གཞིའི་ཐོག མཚོ་བོད་ས་མཐོ་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར་རྒྱབ་སྐྱོར་དེ་བས་མང་བ་བྱས་ནས་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འབབ་རྒྱུད་བཅོས་སྐྱོང་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་གཞོལ་ཏེ་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་རྟོག་ཞིབ་ལས་དོན་སྤེལ་རིང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།