ཡར་ཀླུང་ཡུལ་གྱི་བཀོད་པ་མཛེས། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས།
—— ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“ཡུལ་སྐོར་ཆེ་མོའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟ་བ་གསར་པ་འཛུགས་པ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་ཤུགས་ཆེན་བཏང་སྟེ། ཡུལ་སྐོར་ཁྲོམ་ར་གསར་འབྱེད་དང་། ཡུལ་སྐོར་གཞི་རྒྱུ་གཏོད་པ། ཡུལ་སྐོར་ཤེས་ལྡན་པར་རོགས་སྐྱོར། ཡུལ་སྐོར་སྤུས་རྟགས་ཁྱབ་གདལ་སོགས་ཕྱོགས་མང་པོའི་ཐད་ཤུགས་བརྒྱབ་ནས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་དང་རིམ་པ་འཕར་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། འདི་ནི་ཡུལ་སྐོར་བས་སྣ་དཀར་རྩེ་རྫོང་གྲ་མ་ལུང་གྲོང་ཚོའི་ཡར་འབྲོག་གཡུ་མཚོའི་ངོགས་སུ་པར་རྒྱག་བཞིན་པ།
འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་དམིགས་ཚད་དང་ཁ་ཕྱོགས་གཏན་འཁེལ་བྱས་ནས་དགེ་སྤེལ་སྐྱོན་སྤོང་དང་གསར་འབྱེད་གསར་གཏོད་ཟམ་མི་ཆད་པར་བྱས་ཏེ། ཐོན་ཁུངས་བསྡུ་སྒྲིལ་དང་། སྒྲིག་བཀོད་རིམ་སྤོར། ཞབས་ཞུ་ལེགས་གཏོང་། སྲིད་ཇུས་ཀྱི་རོགས་སྐྱོར་སོགས་ཕྱོགས་མང་པོའི་ཐད་རྒྱུན་མཐུད་ཤུགས་བརྒྱབ་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།
ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གཏིང་ཤུགས་སྔོག་འདོན་བྱས་པ།
རང་བྱུང་སྐྱེ་ཁམས་དང་མི་ཆོས་རིག་གནས་མཛེས་ལྗོངས་གཅིག་ལ་གཅིག་འགྲན་ངང་གནས་པ་དང་དུས་མཚུངས་རི་ཆུ་ནགས་ཞིང་མཚོ་མཚེའུ་དང་། རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་འཕྲོ་བའི་བོད་མིའི་འབྱུང་ཁུངས་ཀྱི་ལོ་རྒྱུས་རིག་གནས་ལྡན་པ་དེས་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་རྨང་གཞི་བཏིང་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ནས“ཡུལ་སྐོར་+”དང“+ཡུལ་སྐོར”གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཞིང་ལས་དང་། ཞིབ་སློབ། རིག་གནས། གྲོང་གསེབ། གསར་བརྗེ། མཐའ་མཚམས་སོགས་གཞི་རྒྱུ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་མུ་མཐུད་བཏོད་དེ་ཡུལ་སྐོར་འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ཡོད།
འདི་ལོའི་བོད་ཀྱི་ལོ་གསར་རིང་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་གྱི“ལྷ་མོའི་གྲོང་ཚོ་དང་པོ”བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་130དེ་གའི་ཁྱིམ་ཚང་མགྲོན་ཁང་དུ་ཞག་སྡོད་དང་། བོད་ཆས་གྱོན་པ། ལྷ་མོ་ལྟ་བ། བོད་ཟས་ཟ་བ། བོད་ཀྱི་སྲོལ་རྒྱུན་རོལ་རྩེད་རྩེ་བ་བཅས་བྱས་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་མིའི་འབྱུང་ཁུངས་ཀྱི་དམངས་སྲོལ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་ཡོད།
ཧུའུ་པེ་ནས་ཡིན་པའི་ཡུལ་སྐོར་བ་སུན་ལགས་ཀྱིས“བཀྲ་ཤིས་མཆོད་རྟེན་ནི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཞིག་ཡིན་ཞིང་། བོད་བཟོའི་ཁྱིམ་ཚང་མགྲོན་ཁང་གཙང་ལ་བཟོ་བཀོད་ཧ་ཅང་ལེགས་པ་མ་ཟད། ད་དུང་ཉམས་ལེན་བྱེད་སྒོ་ཕུན་སུམ་ཚོགས་པ་དང་ཁྱད་དུ་འཕགས་པ་ཞིག་འདུག་པས་འདི་གར་ཡུལ་སྐོར་དུ་ཡོང་རིན་ཆེན་པོ་འདུག”ཅེས་བརྗོད།
སྲོལ་རྒྱུན་གྲོང་ཚོའི་སྤྱི་པའི་ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་བཏང་བ་དང་ཡུལ་སྐོར་བའི་ཉམས་ལེན་གྱི་ཚོར་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་བ་བརྒྱུད། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། སྡེ་ཁུལ་དེའི་གྲུབ་འབྲས་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཡུལ་སྐོར་ཐོན་རྫས་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ཤིག་རེད།
ཁོར་ཡུག་དང་ཞབས་ཞུ་ལེགས་སུ་བཏང་བ།
ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཡུལ་སྐོར་བར་སྔར་བས་སྤྲོ་སྣང་ལྡན་པ་དང་། བློ་བདེ་བ། བློས་འགེལ་ཆོག་པ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་བཏོད་ཡོད།
འདི་ལོའི་ཟླ་2པ་ནས་4པའི་བར་ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། སྔ་རྗེས་སུ་ཡུལ་སྐོར་ལས་སྒོའི་ཆེད་དོན་གསོ་སྦྱོང་ཐེངས་4སྤེལ་བར་མི་400ལྷག་ཙམ་གསོ་སྦྱོང་ལ་ཞུགས་པས་སྤུས་ཚད་མཐོ་ལ་ལས་ཕྱོད་ཆེན་པོས་ཡུལ་སྐོར་མང་བའི་དུས་ཚིགས་བསུ་ཆེད་རྨང་གཞི་བཏིང་ཡོད།
དེ་དང་ཆབས་ཅིག ཡུལ་སྐོར་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བ་དང་ཡུལ་སྐོར་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་མ་གནས་དམའ་རུ་གཏོང་རོགས་བྱ་ཆེད། འདི་ལོའི་ཟླ་4པར་ལྷོ་ཁ་གྲོང་ཁྱེར་གྱིས་ཕྱི་ཕྱོགས་སུ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་བྱ་དགའ་སྤྲོད་པའི་ལག་བསྟར་ཞིབ་སྲོལ་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ནང་གི་ཁྲོམ་རའི་ཚོགས་སྒྲིག་བྱ་དགའ་དང་། ཡུལ་སྐོར་ལམ་ཐིག་གསར་འབྱེད་བྱ་དགའ། བྲིན་ཚོང་བྱེད་སྒོའི་བྱ་དགའ་སོགས་བྱ་དགའ་མང་པོ་བཀོད་སྒྲིག་བྱས་པ་དང་འབྲེལ། ཡུལ་སྐོར་ལས་དོན་ཁང་8ལ་2022ལོའི་རོགས་སྐྱོར་བྱ་དགའ་སྒོར་ཁྲི་256.548སྤྲད་པ་དང་། ལྗོངས་ཕྱི་ནང་གི་ཡུལ་སྐོར་ཚོང་པ་70དང་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་ཁྲོམ་རའི་ཡིད་ཆེས་ཆེ་རུ་དང་ཡུལ་སྐོར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ཡོད།
གཞན་ཡང་། ཡུལ་སྐོར་ལས་རིགས་བདེ་འཇགས་ཐོན་སྐྱེད་དང་ཡུལ་སྐོར་ཞབས་ཞུ་སོགས་ཀྱི་ལས་དོན་ལ་དམིགས་ཏེ་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ཡུལ་སྐོར་ཁྲིམས་འཛིན་ཞིབ་བཤེར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཡུལ་སྐོར་བའི་ཞུ་གཏུག་དང་དཀའ་ངལ་གྱི་གནད་དོན་དུས་ཐོག་ཏུ་བདག་སྤྲོད་དང་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་སྣང་ཚུལ་ཁག་གཅིག་བཅོས་སྒྲིག་ནུས་ལྡན་བྱས་ནས་ཡུལ་སྐོར་བའི་ཁེ་དབང་དང་ལྷོ་ཁའི་ཡུལ་སྐོར་གྱི་གཟུགས་བརྙན་བསྲུངས་ཡོད།
ཁྱབ་གདལ་གཏིང་ཟབ་བཏང་ནས་གདེང་འཇོག་ཡག་ཏུ་བཏང་བ།
དྲིལ་བསྒྲགས་ཁྱབ་གདལ་གཏོང་རྒྱུ་ནི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་ལ། ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་པའི་ཐབས་མཆོག་ཀྱང་རེད།
འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ནང་དོན་ཕྱོགས་ཡོངས་ཀྱི་ཉོ་ཚོང་ལས་དོན་གཉེར་བ་དང་། ཟུར་ཚད་མི་འདྲ་བའི་སྒོ་ནས་བྱེད་སྒོ་ཇུས་འགོད་བྱེད་པ། ཕྱོགས་ཚད་བསྟར་སྒྲིག་རྣམ་པའི་དྲ་རྒྱའི་བརྒྱུད་སྤེལ་བྱས་པ་བརྒྱུད། “བོད་མིའི་འབྱུང་ཁུངས་ལྷོ་ཁ·གངས་ལྗོངས་ས་མཐོའི་མཛེས་ལྗོངས”ཞེས་པའི་ཡུལ་སྐོར་སྤུས་རྟགས་ཀྱི་གཟུགས་བརྙན་བཏོད་ནས་ལྷོ་ཁའི་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་སྔར་བས་ཆེ་རུ་བཏང་ཡོད།
འདི་ལོའི“ལྔ་གཅིག”གུང་གསེང་རིང་ལྷོ་ཁའི་ཡུལ་སྐོར་ལ་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་ནས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་111978ལ་སྣེ་ལེན་ཞུས་པ་དང་། དྲིལ་བསྒྲགས་ཁྱབ་གདལ་ལ་བརྟེན་ནས་ཡུལ་སྐོར་བ་མང་དུ་འགྲོ་བར་སྐུལ་ཁྲིད་བྱེད་པའི་ཕན་འབྲས་བརྟན་པོའི་ངང་ཆེ་རུ་སོང་ཡོད། ཡུལ་སྐོར་བ་མང་པོ་ཞིག་རང་འགུལ་ངང་ལྷོ་ཁའི་ཡུལ་སྐོར་དྲིལ་བསྒྲགས་པར་གྱུར་ནས“གྲོགས་ཚོགས”དང་རང་སྨྱན་སྦྱོར་སོགས་བརྒྱུད་ལྷོ་ཁའི་ཡུལ་སྐོར་ལ་གདེང་འཇོག་བཟང་པོ་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་ལུའོ་ཝུན་ཅིན་གྱིས“གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཀྱི་ངེས་གནས་ལ་རྒྱུན་མཐུད་དམ་པོར་དམིགས་ནས་ཁྱད་ལྡན་དང་། རྩེ་གྲ སྤུས་རྟགས་བཅས་མངོན་གསལ་དོད་པ་དང་། དྲིལ་བསྒྲགས་ཀྱི་ཐབས་ལམ་རྒྱུན་མཐུད་རྒྱ་ཆེར་གཏོང་བ། “བོད་མིའི་འབྱུང་ཁུངས་ལྷོ་ཁ·གངས་ལྗོངས་ས་མཐོའི་མཛེས་ལྗོངས”ཞེས་པའི་ཡུལ་སྐོར་སྤུས་རྟགས་ཀྱི་གཟུགས་བརྙན་དང‘3+1’གི་ཡུལ་སྐོར་ལམ་ཐིག་སྤུས་རྟགས་གཙོ་གནད་ཐོག་འོས་སྦྱོར་བྱེད་པ། ལྷོ་ཁར་ཡུལ་སྐོར་བྱེད་པའི་གདེང་འཇོག་ཡག་པོ་གཏོད་པ་བཅས་བྱས་ནས། མི་དེ་བས་མང་བས་ལྷོ་ཁར་རྒྱུས་མངའ་དང་། ལྷོ་ཁར་ཡོང་བ། ལྷོ་ཁར་དགའ་པོ་བཅས་ཐུབ་པར་བྱེད་ཀྱི་ཡིན”ཞེས་བརྗོད།