ལྗང་མདོག་གི་ཉམས་བཟང་བསྣན་ནས་སྐྱེ་ཁམས་ཀྱི་བདེ་རྩར་མཉམ་དུ་རོལ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད།
—— “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་དགོས།
ཟླ་བཞི་པར་བོད་བྱང་ཐང་གི་མཚོ་མོ་སྔོ་ཞིང་དྭངས་བ་དང་ནོར་ལུག་རྩྭ་ཐང་ཐོག་ཅི་དགར་རོལ་བཞིན་པ་དང་། བོད་ལྷོ་ཕྱོགས་ཀྱི་རོང་ཁུལ་དུ་ལྗོན་ཤིང་ཚང་ཚིང་འཁྲིགས་ནས་ཁམ་བུའི་མེ་ཏོག་ཀྱང་རབ་ཏུ་བཞད།
2022ལོར་རང་ལྗོངས་ཀྱིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡི་འདུ་ཤེས་བརྟན་པོ་བཙུགས་ཏེ་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱས་པ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་པས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་བཞིན་བརྟན་དུ་ཕྱིན་པ་དང་སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།
སྒྲིག་སྲོལ་དང་ལམ་སྲོལ་གྱི་རྒྱུ་རྐྱེན་ཡོངས་ལ་བརྟེན་པ།
སྐྱེ་ཁམས་ཤེས་དཔལ་བཟང་པོ་བསྐྲུན་པར་ངེས་པར་དུ་འཐུས་སྒོ་ཚང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་དགོས། 2022ལོར་རང་ལྗོངས་ཀྱིས་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་ནས་འགོ་འཛུགས་ས་མཐོ་པོ་ནས་ཇུས་འགོད་དང་ཚུགས་གནས་མཐོ་པོ་ནས་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས“སྲོལ་ཡིག་གིས་འགན་ལེན་བྱེད་པ་དང་། འཆར་འགོད་མ་དཔེར་བྱེད་པ། བསམ་འཆར་མཛུབ་ཁྲིད་དུ་བྱེད་པ། ཇུས་གཞི་ཐབས་ལམ་དུ་བྱེད་པ”བཅས་ཀྱི་མཐོ་ས་གཏོད་པའི“གདུང་བཞི་ཀ་བརྒྱད”ཐོག་མར་བསྐྲུན་ཡོད།
《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་འཆར་འགོད(2021ལོ་ནས་2035ལོའི་བར)》བཀྲམ་ནས་ལག་བསྟར་བྱས་པ་དང་། ལོ་5ཡི་ལག་བསྟར་བསམ་འཆར་དང་ལོ་འཁོར་གྱི་ལས་ཀའི་ཇུས་གཞི་བཟོས་ནས་བཏོན་པ། “ས་ཁུལ་ལྔ་དང་མ་ལག་གཅིག”གི་སྤྱིའི་དམིགས་ཚད་གསར་གཏོད་རང་བཞིན་ངང་བཏོན་པ། “བྱ་སྤྱོད་ཆེན་པོ་བཅུའི”ལས་ཀའི་ཐབས་ལམ་འཆར་འགོད་བྱས་པ། རིགས་ཆེ་གྲས་6གི་དམིགས་ཚད་མ་ལག་32བཟོས་པ། 2022ལོའི་དུས་མཚམས་རང་བཞིན་གྱི་ལས་འགན་53དང་། འདེགས་སྐྱོར་རྣམ་གྲངས་14 འཁུར་བླངས་འབྲེལ་གཏུགས་ལས་འགན་19 མཚོན་རྟགས་རང་བཞིན་གྱི་ལས་གྲྭ་4བཅས་ཁ་གསལ་བཟོས་ནས་ལས་ཀའི་ལས་འགན་སྔར་བས་བརྟན་དུ་གཏོང་རྒྱུ་རེད།
《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་སྲོལ་ཡིག》ལག་བསྟར་གཏིང་ཟབ་དང་། 《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་དོ་དམ་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁྱབ་བསྒྲགས་བྱས་པ། 《“ལོ་ལྔ་ཚན་བཅུ་བཞི་པའི”རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྐྱེ་ཁམས་སླར་གསོའི་འཆར་འགོད》སོགས་ཆེད་དོན་འཆར་འགོད་10བཏོན་པ། 《སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《རྩྭ་ཐང་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་24བཀྲམ་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།
ལས་འགན་གལ་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།
ཟླ་བཞི་པར་ལྷ་ས་གྲོང་ཁྱེར་གྱི་ལྷོ་རིའི་སྤྱི་གླིང་དུ་དཔྱིད་དཔལ་རབ་ཏུ་བཞད་ཅིང་། སྔོ་ལྗང་གི་སྡོང་ཕྲན་ཕན་ཚུན་སྣོལ་བ་དང་། ཤིང་ཟམ་འོག་ཏུ་ཆུ་མོ་ཤང་ཤང་དུ་རྒྱུག་པ། བསིལ་ཁང་དང་རྡོ་གཅལ་གྱི་ལམ་དུ་འགྲོ་བཞིན་པའི་ཡུལ་སྐོར་བ་མང་པོ་བཅས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་མངོན་ཡོད་པ་རེད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ལྷོ་རིའི་སྤྱི་གླིང་འདི་ཉིད་ལྷ་སའི་གྲོང་མིའི་ཡུལ་སྐོར་བྱ་ཡུལ་ཡག་ཤོས་སུ་གྱུར་ཡོད།
ལྷོ་རིའི་སྤྱི་གླིང་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་བའི་གྲུབ་འབྲས་ཀྱི་གྲས་ཤིག་ཡིན་པ་དང་། སྔོ་མདངས་རྒྱས་བཞིན་པའི་གྲོང་ཁྱེར་འདི་ས་མཐོའི་སྡོད་མལ་གྲོང་ཁྱེར་དུ་འགྱུར་བཞིན་ཡོད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་རྩིས་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་དོན་འཁྱོལ། ལས་གྲྭ་ཅན་གྱི་སྐུལ་སྤེལ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱིས་ཚད་བརྒལ་ཡོང་ཐབས་དང་འགག་སྒྲོལ་དཀའ་སེལ་གྱིས་གནས་བབ་བརྩོན་ལེན་བྱས་ནས་གསར་གཏོད་ལས་དོན་དོན་འཁྱོལ་ལ་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
2022ལོར་རང་ལྗོངས་ཀྱིས་རིགས་ཆེ་གྲས་6གི་དམིགས་ཚད་32ནང་དམིགས་ཚད་11རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་དེ་བྱིངས་ཀྱི་དམིགས་ཚད་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ལྗོངས་ཡོངས་ཀྱི་མཁའ་རླུང་ཁོར་ཡུག་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99.9%ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།
2022ལོར་ལྗོངས་ཡོངས་ཀྱིས་མུའུ་ཁྲི་117.9ཡི་ནགས་བཟོའི་ལས་འགན་ལེགས་སྒྲུབ་བྱས་པ་དང་ལྷག་པར་དུ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ལོ་དང་པོར་མུའུ་ཁྲི་14ཡི་ནགས་བཟོའི་ལས་འགན་ལེགས་སྒྲུབ་བྱས་པ་དང་། རྩྭ་ཐང་ཉམས་གསོ་དང་བཅོས་སྐྱོང་མུའུ་ཁྲི་437.5ལེགས་སྒྲུབ་བྱས་པ། ཡར་ཀླུང་གཙང་པོའི་སྐྱེ་ཁམས་བར་ཁྱམས་སྤྱི་ལེ་42བསྐྲུན་པ། སྭོ་བ་ནང་ཆུ་ཤུགས་གློག་ཁང་དང་ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭ་སོགས་ལྗང་མདོག་ལས་གྲྭ་སྔ་རྗེས་སུ་བསྐྲུན་པ་དང་ལྷོ་བྲག་སོགས་ས་བབ་མཐོ་བའི་རྫོང་གྲོང་གི་དྭངས་གཙང་དྲོད་ལེན་རྣམ་གྲངས་5སྐྲུན་འགོ་ཚུགས་པ། ལོ་འཁོར་གྱི་གཙོ་གནད་འདེགས་སྐྱོར་རྣམ་གྲངས་14ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་71.18བཏང་བ་དེས་རྣམ་གྲངས་ཀྱི་མ་འཇོག་བསྡོམས་འབོར་གྱི་68.8%བཟུང་བ། ཆུ་དཔོན་དང་། མཚོ་དཔོན། ནགས་དཔོན་བཅས་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་་གཏིང་ཟབ་བཏང་ནས་ས་ཆུ་ཤོར་བར་བཅོས་སྐྱོང་སྤྱི་ལེ་གྲུ་བཞི་746བྱས་པ་དང་ནགས་དཔོན་35185བསྐོ་གཞག་བྱས་ཡོད།
ཁྱབ་ཁོངས་ཧྲིལ་པོར་མཚོན་རྟགས་ཀྱི་བཀྲག་མདངས་འཚེར་ས་མངོན་པ།
ན་ནིང་ཟླ་10པར། ཤྭ་བ་མཆུ་དཀར་4ཡིས་ལྷ་ས་སྐྱིད་ཆུའི་ངོགས་སུ་ཟས་འཚོལ་བཞིན་བག་ཕེབས་ངང་གནས་ཤིང་། ཡིད་དུ་འོང་བའི་བརྙན་རིས་དེ་ནི་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་པོའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན།
ཆུ་དང་། མཁའ་རླུང་། ས་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་ཏེ་རང་ལྗོངས་ཀྱིས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གྱི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཆེ་གྲས་7ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། གཙང་པོ་དང་མཚེའུ་ཡི་འགྲམ་རྒྱུད་སྲུང་སྐྱོང་དང་བེད་སྤྱོད་ཀྱི་འཆར་འགོད་249བཟོས་པ་དང་། གཙང་པོ་དང་མཚེའུ་དོ་དམ་བྱེད་ཁོངས་533དབྱེ་འབྱེད་གཏན་འབེབས་བྱས་པ། ཆུ་བོར་བཙོག་འབུད་བྱེད་ས་480བཅོས་སྒྲིག་བྱས་པ། སྐུ་ལྷ་དར་གདོང་འབྲི་ཆུའི་ཆུ་འགོ་དང་ཇོ་མོ་གླང་མའི་རོང་ཕུ་གཙང་པོ་སོགས་དཔེ་མཚོན་ས་ཁོངས་ཀྱི་སྐྱེ་ཁམས་ལ་ལྟ་ཞིབ་ཚད་ལེན་བྱས་པ་མ་ཟད། ལྷ་ས་དང་། ལྷོ་ཁ། གཞིས་རྩེ་བཅས་སུ“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། 2022ལོར་གཙང་གསུམ་ཆུ་འགོའི(གདང་ལའི་བྱང་རྒྱུད)རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དང་། ཇོ་མོ་གླང་མ་སོགས་དཔེ་མཚོན་ས་ཁོངས་6བདེ་བླག་ངང་རྒྱལ་ཁབ་སྤྱི་གླིང་གི་བཀོད་སྒྲིག་ནང་བཅུག་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་3དང་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་ལག་ལེན་གསར་གཏོད་རྟེན་གཞི་1གསར་དུ་བསྣན་ཡོད།
“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”ནི་རང་རྒྱལ་གྱི་དབང་གྲགས་ཆེ་ཤོས་དང་གྲོང་ཁྱེར་གྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་སྤྱིའི་ཆུ་ཚད་གསལ་པོར་མཚོན་པའི་གཟི་བརྗིད་མཚན་སྙན་ཡིན་པ་དང་། ན་ནིང་ཉིང་ཁྲི་གྲོང་ཁྱེར་ལ་མཚན་སྙན་དེ་ཐོབ་ཡོད།
དུས་མཚུངས་སུ་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དེ་རྒྱལ་དམངས་སློབ་གསོ་དང་ལས་བྱེད་པའི་གསོ་སྦྱོང་སློབ་གསོའི་མ་ལག་ནང་བཅུག་ནས་འགོ་ཁྲིད་ལས་བྱེད་པ་མི་ཐེངས་ཁྲི་2.3ལྷག་ཙམ་ལ་ཆེད་དོན་གསོ་སྦྱོང་བྱས་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དྲིལ་བསྒྲགས་ཟླ་བ་དང་། ཐཱན་ཉུང་ནུས་རྒྱུ་བསྲི་ཚགས་ཀྱི་གཟའ་འཁོར། “དྲུག·ལྔ”ཁོར་ཡུག་ཉིན་མོ་སོགས་ཀྱི་བྱེད་སྒོ་རྣམ་པ་སྣ་ཚོགས་དང་གསོན་ཉམས་དོད་པོས་སྤེལ་ཞིང་། དེའི་ནང་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་30ལྷག་ཙམ་ཟིན་ཡོད།