ས་མཐོར་གཙོད་ཕྲུག་བཙའ་བའི་ནམ་དུས་ཤར་བ།
ཚེས་8ཉིན། གསར་འགོད་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་ཆུ་འགོའི་གླིང་ཁུལ་ཁུ་ཁུ་ཤིས་རིའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པར། ལོ་གཅིག་དུས་གཅིག་གི་ས་མཐོའི་གཙོད་སྐྱས་སྤོས་ནས་གཙོད་ཕྲུག་བཙའ་བའི་ནམ་དུས་འཆར་འགོ་ཚུགས་པ་དང་ན་ནིང་ལས་ཉིན་9ཡིས་སྔ་བ་ཡོད། ཚེས་8ཉིན་བར་ད་ཐེངས་སྐྱས་སྤོས་པའི་གཙོད་270ལས་བརྒལ་ཡོད་པ་རེད།
ཁུ་ཁུ་ཤིས་རིའི་དོ་དམ་ཁྲུའུ་སྨིག་པ་ལ་ལྒང་སྲུང་སྐྱོང་ས་ཚིགས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། 2023ལོའི་ཟླ་4ཚེས་26ཉིན་གྱི་ཆུ་ཚོད་12དང་སྐར་མ་35ཙམ་ལ་ཁག་དང་པོའི་གཙོད་26རྒྱལ་ལམ་109ཡི་སྤྱི་ལེ་3001གི་ས་ནས་ཁུ་ཁུ་ཤིས་རིའི་ལྟེ་བའི་གཙོད་ནག་མཚོའི་ཕྱོགས་སུ་གནས་སྤོས་པ་རེད། “གངས་ཆར་བབས་པས་གཙོད་སྐྱས་སྤོའི་མྱུར་ཚད་འགོར་དུ་ཕྱིན་པ་དང་། ཟླ་4ཚེས་26ཉིན་ནས་ད་བར་གཙོད་270ལྷག་ཙམ་སྐྱས་སྤོས་ཡོད”ཅེས་སྨིག་པ་ལ་ལྒང་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་ཀརྨ་ཆོས་འཕེལ་གྱིས་བཤད།
ས་མཐོའི་གཙོད་ནི་ཁུ་ཁུ་ཤིས་རིའི་རྩ་ཆེའི་སྲོག་ཆགས་ཤིག་ཡིན། ལོ་ལྟར་བོད་བྱང་ཐང་དང་། ཤིན་ཅང་གི་ཨར་ཅིན་ཧྲན་རི་བོ། མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་བཅས་ཀྱི་གཙོད་མོ་ཁུ་ཁུ་ཤིས་རིའི་དབུས་རྒྱུད་དུ་གཙོད་ཕྲུག་བཙའ་བར་ཡོང་གི་ཡོད།
གཙོད་སྐྱས་སྤོའི་དུས་ཚོད་སྔ་རུ་འགྲོ་དོན་ཅི་ཡིན་ཞེ་ན། རང་རྒྱལ་གྱི་གཙོད་སྲུང་སྐྱོབ་རིགས་གཅིག་མཁས་ཅན་ཧྲའན་ཤིས་ཞིང་ཆེན་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝུའུ་ཞའོ་མིན་གྱིས“རང་རྒྱལ་གྱི་གཙོད་ཀྱི་གྲངས་འབོར་མང་དུ་ཕྱིན་པ་དང་ཁུ་ཁུ་ཤིས་རིའི་ཁུལ་དུ་གཙོད་ཀྱི་གྲངས་འབོར་ཁྲི་7ལྷག་ཙམ་ཟིན་ཡོད། དེ་སྔ་མི་མེད་ལུང་སྟོང་དུ་གནས་པའི་གཙོད་ཀྱི་ཁྱུ་ཚོགས་མཐའ་འཁོར་དུ་ཁ་ཐོར་ནས་ལྟ་ཞིབ་ཚད་ལེན་ས་ཚིགས་དང་བར་ཐག་ཇེ་ཉེར་སོང་བ་མ་ཟད། གནམ་གཤིས་ཀྱི་འགྱུར་ལྡོག་དབང་གིས་གཙོད་ཕྲུག་བཙའ་བའི་དུས་ཚོད་སྔ་རུ་ཕྱིན་ཡོད”ཅེས་བཤད།
གཙོད་ནི་བློ་ཁོག་ཆུང་བས་སྐྱས་སྤོ་སྐབས་ཉེ་འཁོར་གྱི་མིའི་རིགས་ཀྱི་སྒུལ་སྐྱོད་དང་དགྲ་ཟླ་ལ་ཡིད་གཟབ་ཆེན་པོ་བྱེད་ཀྱི་ཡོད། ཁུ་ཁུ་ཤིས་རིའི་དོ་དམ་ཁྲུའུ་ཡིས་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་དུས་ཐུང་གི་འགྲིམ་འགྲུལ་བཀག་སྡོམ་དང་། རླངས་འཁོར་གྱི་དུང་བརྡ་འགོག་པ། སྐོར་སྲུང་རོགས་སྐྱོབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཙོད་ཕྲུག་བཙའ་བར་གཡས་གཞོགས་གཡོན་འདེགས་བྱས་ཡོད། ཁུ་ཁུ་ཤིས་རིའི་དོ་དམ་ཁྲུའུ་ཡིས་གཙོད་ཕྲུག་བཙའ་བའི་ནམ་དུས་ཡིན་པས་ཕར་འགྲོ་ཚུར་འོང་གི་འཁོར་རིགས་དང་ཡུལ་སྐོར་བས་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣའི་བཀོད་འདོམས་ལ་ཉན་ནས་མྱུར་ཚད་དལ་དུ་གཏོང་བ་དང་གཙོད་ལ་གཡོལ་དགོས་པ་དང་རང་དགར་རང་བྱུང་སྲུང་སྐྱོང་ཁུལ་དུ་གཏན་ནས་འགྲོ་མི་ཆོག་པའི་དྲན་སྐུལ་བྱས་ཡོད།