སྔོ་ལྗང་རི་ཀླུང་ལྷག་པར་མཛེས། ཆུ་འདྲེན་མདོང་ལམ་གང་སར་ཁྱབ།
ལྷ་ས་གྲོང་ཁྱེར་མ་འཇོག་ཁུན་ཐེ་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་འཁུར་བའི་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་2023ལོའི་ལོ་འཁོར་གྱི་ཆུ་གློག་ལམ་གྱི་ལེ་ལག་ཚང་བའི་ལས་གྲྭའི་དུམ་མཚམས་གཉིས་པའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.8བཏང་ཞིང་2023ལོའི་ཟླ་1ཚེས་12ཉིན་ལས་འགོ་ཚུགས་པ་དང་། ཨར་སྐྲུན་གྱི་སྟབས་བདེའི་ལམ་བུ་5དང་། རིམ་པ་དང་པོའི་ཆུ་འཐེན་ས་ཚིགས་8 རིམ་པ་གཉིས་པའི་ཆུ་འཐེན་ས་ཚིགས་8 ས་བབ་མཐོ་བའི་ཆུ་གསོག་རྫིང་བུ་87བཅས་བསྐྲུན་རྩིས་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་མ་འཇོག་ཁུན་ཐེ་འཛུགས་སྐྲུན་ཚོགས་པའི་དུམ་མཚམས་གཉིས་པའི་རྣམ་གྲངས་ཀྱི་འགན་འཁུར་བ་ཀྲང་ཅུན་གྱིས་ལས་གྲྭ་དེ་ཁག་གཉིས་སུ་དབྱེ་བ་སྟེ། གཞུང་ལམ་བཟོ་བ་དང་ཆུ་བེད་སྒྲིག་བཀོད་བསྐྲུན་རྒྱུ་རེད། རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་གཙོ་བོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་གདོང་དཀར་ཁྲོམ་གཞུང་དང་། ཡབ་མདའ་ཁྲོམ་གཞུང་། རྒུ་རུམ་གྲོང་རྡལ། གནས་ཆུང་གྲོང་རྡལ་བཅས་སུ་ཁྱབ་ཡོད་ཅེས་ངོ་སྤྲོད་བྱས།
རྣམ་གྲངས་དེའི་གཙོ་གནད་རྣམ་གྲངས་ནི་ཆུ་བེད་སྒྲིག་བཀོད་སྐྲུན་རྒྱུ་དེ་ཡིན་ཞིང་། ཨར་ལས་ཀྱི་ནང་དོན་གཙོ་བོ་ནི་སྟོད་ལུང་དང་གནས་ཆུང་གི་མ་ཡུར་སོགས་ཆུ་ཁུངས་སུ་བྱས་ནས་ཆུ་འདྲེན་པ་དང་། ཆུ་འཐེན་ས་ཚིགས་བརྒྱུད་ས་བབ་མཐོ་བའི་ཆུ་གསོག་རྫིང་བུ་ཨ་མར་འདྲེན་པ་དང་དེ་རྗེས་ཆུ་གསོག་རྫིང་བུ་ཨ་མ་ནས་ཆུ་གསོག་རྫིང་བུ་གཞན་དག་ལ་ཆུ་འདྲེན་རྒྱུ་རེད།
“གཡང་གཟར་བའི་དབང་གིས་ལྕགས་མདོང་དང་། ཆུ་སྒམ། གློག་གཏོང་འཕྲུལ་ཆས། བྱེ་རྡོ་སོགས་དབོར་ཁག་པོ་ཡོད” ཀྲང་ཅུན་གྱིས་ས་བབ་མཐོ་བའི་ཆུ་གསོག་རྫིང་བུ་དེ་ས་བབ་མཐོ་ཚད་སྨི་4000ཙམ་གྱི་རི་སྟེང་དུ་ཡོད། བོད་ཀྱི་དམིགས་བསལ་ས་གཤིས་དབང་གིས་འཕྲུལ་ཆས་རི་སྟེང་དུ་དབོར་ཁག་པོ་ཡོད། དེར་བརྟེན་རྣམ་གྲངས་པུས་མི་དང་ཁལ་མར་བརྟེན་ནས་དབོར་བ་དང་ཚང་མས་དཀའ་ངལ་དང་ངལ་དུབ་ལ་མི་སྐྲག་པར་ལས་ཀ་བྱས་པ་བརྒྱུད་ད་བར་ཀུང་སི་དེས་བསྐྲུན་པའི་ལམ་ཐིག་9ཚང་མར་ཆུ་ཤར་གཏོང་ཐུབ་པས་ཆུ་འདྲེན་གྱི་སྤྱིའི་རྒྱ་ཁྱོན་མུའུ་45844.1ཟིན་ཡོད་ཅེས་ངོ་སྤྲོད་བྱས།
ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་དོན་ཁང་གི་རིམ་པ་གཉིས་པའི་བརྟག་ཞིབ་པ་བློ་བཟང་རྡོ་རྗེས་རང་སྐྱོང་ལྗོངས་ཀྱིས་ཁྱབ་བསྒྲགས་བྱས་པའི《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྤྱིའི་འཆར་འགོད(2021ལོ་ནས་2030ལོ་བར)》གཞིར་བཟུང་། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ལོ་བཅུའི་ནང་སྔོ་འགྱུར་ནགས་ཚལ་མུའུ་ཁྲི་206.7ཟིན་རྒྱུ་དང་། “ལོ་ལྔའི་རིང་སྔོ་ལྗང་རི་ཀླུང་མང་དུ་གཏོང་བ་དང་ལོ་བཅུའི་རིང་སྔོ་ལྗང་ལྷ་སར་ཁྱབ་པ་བྱེད་པའི”བསམ་བཀོད་ལ་གཞིགས་ན། 2030ལོར་སླེབས་སྐབས་ནགས་བཟོའི་རྒྱ་ཁྱོན་ད་ཡོད་ཀྱི་ལྷོ་རིའི་སྔོ་འགྱུར་རྒྱ་ཁྱོན་གྱི་ལྡབ་600ཙམ་ཟིན་རྒྱུ་རེད། སྐབས་དེ་དུས་ལྷ་ས་འདི་ཉིད་སྐྱེ་ཁམས་སྡོད་མལ་གྱི་ས་མཐོའི་ལྟེ་བའི་གྲོང་ཁྱེར་དུ་འགྱུར་རྒྱུ་རེད་ལ། མཛེས་སྡུག་ལྡན་པའི་གྲོང་ཁྱེར་དུ་དེ་བས་འགྱུར་རྒྱུ་རེད་ཅེས་བརྗོད་བྱུང་།