སྨར་ཁམས་རྫོང་གིས་དཔལ་འབྱོར་ནགས་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།
ཉེ་བའི་ལོ་ཤས་རིང་སྨར་ཁམས་རྫོང་གིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་སླར་གསོའི་ལས་དོན་ཧུར་ཐག་སྤེལ་བ་དང“སྤུས་ཚད་མཐོར་གཏོང་དང་ཁྱབ་རྒྱ་ཆེར་གཏོང་གཉིས་ཀར་དོ་སྣང་དང་། འཛུགས་སྐྲུན་དང་སྲུང་སྐྱོང་གལ་ཆེ་མཉམ་འཛིན། སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཕན”བཅས་ཀྱི་འདུ་ཤེས་བཅངས་ཏེ། ཤང་གྲོང་ཁག་ཏུ་དཔལ་འབྱོར་ནགས་ཤིང་ཧུར་ཐག་བཙུགས་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ཁྱད་ལྡན་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་རེད།
སྨར་ཁམས་རྫོང་གིས“གཙང་པོ་གཉིས་རྒྱུག་ཁུལ”གྱི་སྐམ་ཚའི་རོང་ཁུལ་གྱི་ས་གཤིས་ལེགས་ཆར་བརྟེན་ནས་འཆར་འགོད་བྱས་ཏེ་ཁམས་པའི་ཚ་ལུ་མ་དང་། ཀུ་ཤུ། སེ་འབྲུ། རྒུན་འབྲུམ། ཁམ་བུ་སོགས་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་བྱ་རྒྱུ་དེ་གཙོ་གནད་དཔལ་འབྱོར་ནགས་ཤིང་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤིག་ཏུ་བརྩིས་ནས་ནགས་ལས་ཐོན་ལས་འཛུགས་སྐྲུན་ཤུགས་ཆེན་བྱས་པ་རེད། ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག སྨར་ཁམས་རྫོང་གིས་གཞི་ཁྱོན་ཅུང་ཆེ་བའི་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་དུད་ཚང་ཁག་གཅིག་སྐྱེད་སྲིང་དང་རོགས་སྐྱོར་བྱས་ཏེ། ནགས་ལས་ཐོན་ལས་དེ་ཞིང་པའི་འབབ་འཕར་དང་ཞིང་ལས་ནགས་ལས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཤིང་འཛུགས་ནགས་བཟོ་དང་ཞིང་པར་འབབ་འཕར་ཡོང་བར་སྤྱི་འདོམས་བསམ་གཞིག་བྱས་པ་དང“ཆེད་ལས་མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་བཙུགས་ཏེ། ནགས་ལས་ཐོན་ལས་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།