སུམ་རྩེན་གནས་ལ་སྐྱེངས་པ་སྟེར་བའི་ཡིད་འོང་ཉིང་ཁྲི།
འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་མཛེས་ལྗོངས་ཡིན་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ལྷག་པར་དུ་2021ལོའི་ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཉིང་ཁྲི་གྲོང་ཁྱེར་ཡར་ཉང་འདམ་རའི་རྒྱལ་ཁབ་སྤྱི་གླིང་དུ་གཟིགས་ཞིབ་གནང་བ་དང་འབྲེལ། “གཙང་པོ་དང་ཆུ་བོ་གལ་ཆེན་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་བརྒྱབ་ནས། དེ་གའི་སྲོག་ཆགས་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཏང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། མིག་འབྲས་ལ་གཅེས་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཚེ་སྲོག་ལ་གཅེས་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་པའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཀར་ཕན་འབྲས་ཐོན་པར་བྱས་ཡོད།
དེང་གི་ཉིང་ཁྲིར་ནམ་མཁའ་གཡའ་དག་ཅིང་། ཆུ་མོ་དྭངས་ཤིང་གཙང་བ། གང་སར་སྔོ་ལྗང་གཡུ་ལོ་རྒྱས་པ། ཡངས་པའི་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་རྩྭ་ཆུ་གང་བཟང་ལ་རོལ་བ་བཅས་ཀྱི་རྣམ་པ་མངོན་བཞིན་ཡོད། དེ་གར་སྐྱོད་སྐབས་ལྟ་ན་སྡུག་པའི་རི་གྲོང་དུ་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་འབད་བཞིན་པ་མཐོང་ཐུབ། མ་བཅོས་ལྷུན་གྱིས་གྲུབ་པའི་རང་བྱུང་ཁམས་ཀྱི་མཛེས་སྡུག་ལས་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་དངོས་འབྲེལ་ལག་ལེན་བསྟར་བར་དཔང་པོ་བྱེད་ཀྱི་ཡོད།
གངས་བབས་རྗེས་ཀྱི་ཀླུ་ནང་གྲོང་རྡལ་ཆུང་ངུའི་རྣམ་པ་ཡིན་པ།
གངས་ལྗོངས་ས་མཐོར“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”དབང་བ།
2022ལོའི་ཟླ་11པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པའི་གྲོང་ཁྱེར་གྱི་མིང་ཐོ་གསར་པ་ཁྱབ་བསྒྲགས་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་མིང་གྲལ་དུ་ཚུད་ནས་ད་བར་བོད་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་གྲོང་ཁྱེར་དང་པོར་གྱུར་ཡོད།
ཉིང་ཁྲི་གྲོང་ཁྱེར་ནི་རང་རྒྱལ་གྱི་ནགས་ཁུལ་ཆེ་གྲས་གསུམ་པ་དེ་ཡིན་པ་དང་། དེ་གར་བོད་ཀྱི་ནགས་ཚལ་80%ཙམ་འདུས་ཡོད། “ཉིང་ཁྲི་གྲོང་ཁྱེར་དུ་ད་ཆ་ནགས་ས་རྒྱ་ཁྱོན་སྤྱི་ཆིང་ཁྲི་657.44ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་47.66%ཟིན་པ། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་14.09ཟིན་པ། གྲོང་ཁུལ་དུ་ཆ་སྙོམས་སྔོ་འགྱུར་ཁྱབ་ཚད་40.88%ཟིན་པ། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་སའི་རྒྱ་ཁྱོན་སྨི་ངོས་གྲུ་19.03ཟིན་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཧྭ་ཕིང་གིས་རྒྱུས་མངའ་ཤིན་ཏུ་ཆེན་པོས་དེ་ལྟར་བཤད།
2018ལོར“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”འཛུགས་གཏོད་ལས་དོན་སྤེལ་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པའི་ངང་ནགས་བཟོ་སྔོ་སྒྱུར་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ནས་ལྗང་སའི་རྒྱ་ཁྱོན་མུ་མཐུད་ཆེ་རུ་བཏང་བ་དང་། འདམ་རའི་སྤྱི་གླིང་དང་སྔོ་ལྗང་ལམ་བུའི་དྲ་རྒྱ་སོགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ། ལོ་བཞིའི་རིང་མི་ཐབས་ལ་བརྟེན་ནས་ནགས་བཟོ་རྒྱ་ཁྱོན་སྤྱི་ཆིང་6448.07མང་དུ་བཏང་བ། སྤྱི་ཕན་ནགས་ཚལ་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་44.68ལེགས་སྒྲུབ་བྱས་ཡོད་པ་རེད།
“མི་ཐབས་ལ་བརྟེན་ནས་ནགས་ཚལ་བསྐྲུན་པ་དེས་ང་ཚོའི་གྲོང་ཁྱེར་སྔོ་ལྗང་གོས་བཟང་གིས་བཀླུབས་ཡོད”ལི་ཧྭ་ཕིང་གིས“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”འཛུགས་གཏོད་བྱེད་རིང་ཉིང་ཁྲིས་མི་ཐབས་ལ་བརྟེན་ནས་ལྗོན་ཤིང་འཛུགས་པ་དང་། སྔོ་ལྗང་སྲུང་སྐྱོང་བྱེད་པ། སྔོ་ལྗང་བདག་སྐྱོང་བཅས་ཀྱི་ལས་དོན་ཤུགས་ཆེན་སྤེལ་བར་དཀའ་བ་ཚད་མེད་སྤྱད་ཡོད་ཅེས་བཤད།
ཟླ་3ཚེས་12ཉིན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོར་གནས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་བྱང་རིའི་རི་ལྡེབས་སུ་ལས་བྱེད་པ་དང་མང་ཚོགས་2000ལྷག་ཙམ་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད། འདི་ལོའི་འོས་འགན་ཤིང་འཛུགས་བྱེད་སྒོར“ངས་ཉིང་ཁྲིར་ཁམ་སྡོང་འཛུགས་ཀྱི་ཡོད”ཅེས་བརྗོད་དོན་གཙོ་བོར་བྱས་ནས“དྲ་སྦྲེལ་དང་འོས་འགན་ཤིང་འཛུགས”ཟུང་འབྲེལ་གྱི་བྱེད་ཐབས་ཐོག་མར་སྤྱད་ཡོད། གྲོང་མིས་དྲ་ཐོག་ནས་མིང་ཐོ་བཀོད་ནས་འོས་འགན་ཤིང་འཛུགས་བྱེད་སྒོར་རིན་མེད་ངང་ཞུགས་ཆོག་པ་མ་ཟད། ད་དུང་དྲ་ཐོག་ནས་འོས་འགན་ཤིང་འཛུགས་ལག་ཁྱེར་ཡང་ལེན་ཆོག དེ་ཉིན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྱོན་སྟར་ཁའི་སྡོང་ཕྲུག་7000ལྷག་ཙམ་བཙུགས་པ་དང་འདེབས་འཛུགས་རྒྱ་ཁྱོན་མུའུ་200ཟིན་གྱི་ཡོད། རྫོང(ཆུས)ཁག་གིས་ཀྱང་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བས། གང་སར་ཤིང་འཛུགས་ནགས་གསོའི་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད།
ལི་ཧྭ་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་གྱིས“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་དེ་ནི་དེའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གཟེངས་བསྟོད་བྱས་པ་ཞིག་ཡིན་པ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཞི་མཐུན་འཕེལ་རྒྱས་ཀྱི་ཚད་གཞི་ཡང་ཕྱོགས་བསྡུས་ཐོག་མངོན་ཐུབ། དེས་མ་ཚད་མི་རྣམས་ལ་མུ་མཐུད་ཤིང་འཛུགས་སྔོ་སྒྱུར་བྱེད་པ་དང་། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སྒྱུར་གང་མགྱོགས་བྱེད་པ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་བཅས་ལ་དེ་བས་སྐུལ་ལྕག་ཆེན་པོ་ཐེབས་རྒྱུ་རེད་ཅེས་བཤད།
མཛེས་ཤིང་ལྟ་ན་སྡུག་པའི་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་སྤྱི་གཏོང་གྲོང་ཚོའི་ཟུར་ཞིག་ཡིན་པ།
རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་སྲུང་བ།
རྟ་མགྲིན་ཚེ་རིང་དང་ཚེ་རིང་བཀྲ་ཤིས་ནི་བྲག་ཡིབ་ཆུས་བུ་ཆུ་ཤང་སྐར་མ་གྲོང་ཚོའི་འདམ་རའི་བདག་སྐྱོང་བ་ཞིག་རེད། “ཡར་ཉང་འདམ་རར་བདག་སྐྱོང་བ་26ཡོད་པ་དང་ང་གཉིས་མི་གཉིས་ཀྱིས་ཚོགས་ཆུང་གཅིག་བྱས་ནས་གནམ་གཤིས་ལེགས་ཉེས་ཅི་འདྲ་བསྟན་རུང་གཟའ་འཁོར་རེར་ཉུང་མཐར་ཡང་འགན་ལེན་བྱས་པའི་ཡུག་ཁུལ་དུ་སྐོར་སྲུང་ཐེངས་གསུམ་བྱེད་ཀྱི་ཡོད། སྐོར་སྲུང་བྱེད་ཐེངས་རེར་སྤྱི་ལེ་5ལྷག་ཙམ་སྐྱོད་དགོས་ཀྱི་ཡོད”ཅེས་རྟ་མགྲིན་ཚེ་རིང་གིས་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།
“ང་ཚོས་ནགས་ཚལ་དུ་གད་སྙིགས་གཙང་སེལ་བྱེད་དུས་སྐབས་རེ་གྲུ་གཟིངས་བཏང་ནས་ཆུར་ལྷུངས་བའི་ཤིང་གི་ཡལ་ག་གཙང་སེལ་བྱེད་དགོས་ཀྱི་ཡོད། དེ་དུས་དཀའ་ལས་ཁག་ཙམ་འདུག འོན་ཀྱང་ང་ཚོའི་ལྟ་སྲུང་འོག་འདམ་ར་སྔར་བས་མཛེས་སྡུག་ལྡན་པར་གྱུར་པ་མ་ཟད། གྲོང་ཚོའི་མི་རྣམས་ཀྱིས་རང་རྟོགས་ངང་འདམ་ར་སྲུང་སྐྱོང་ལ་རང་འགུལ་ངང་ཞུགས་པ་མཐོང་སྐབས་ལས་ཀ་འདི་ནི་བྱེད་རིན་ཡོད་པ་ཞིག་རེད་སྙམ་གྱི་འདུག”ཅེས་ཚེ་རིང་བཀྲ་ཤིས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།
ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་གཟིགས་ཞིབ་གནང་སྐབས་ཀྱི་མངགས་བཅོལ་ཟབ་མོ་དེ་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་ལ་བསྒྱུར་བ་མཐའ་འཁྱོངས་བྱས་ནས་འདམ་རའི་སྤྱི་གླིང་གི་ཚན་རྩལ་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་དང་། ཚན་ཞིབ་དང་ལྟ་ཞིབ་ཚད་ལེན། འཛུགས་སྐྲུན་དོ་དམ་སོགས་གཙོ་གནད་དུ་བཟུང་ནས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཡར་ཉང་འདམ་རའི་སྲུང་སྐྱོང་དང་འཕེལ་རྒྱས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད།
འདམ་ར་སྲུང་སྐྱོང་དང་འཕེལ་རྒྱས་ཡག་པོ་གཏོང་བའི་རྒྱུགས་ལན་ནང་ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་འདམ་ར་ཚང་མ་རང་བྱུང་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གི་ཁོངས་སུ་བཅུག་ནས་སྲུང་སྐྱོང་ནན་པོ་བྱས་ཏེ་སྔ་རྗེས་སུ་ཡར་ཉང་དང་། ཀ་གནམ། འབྲུག་ལ་ཆུ་བོ་བཅས་རྒྱལ་ཁབ་འདམ་རའི་སྤྱི་གླིང་གསུམ་བསྐྲུན་པ་དང་འདམ་རའི་སྤྱི་གླིང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་1.45ཟིན་གྱི་ཡོད།
ཀོང་པོ་རྒྱ་མདའ་རྫོང་གི་ཤོ་པའི་གནའ་བོའི་མཁར་རྫོང་དུ་ཡུལ་སྐོར་བས་ཁམ་བུའི་མེ་ཏོག་ལ་མྱོང་རོལ་བྱེད་བཞིན་པ།
རིན་ཐང་འཕོ་འགྱུར་གྱི“ལྗང་མདོག་རི་མོ”
གཅིག་བྱས་ན་མི་རྣམས་ཀྱིས་ཉིང་ཁྲིའི་སྐྱེ་ཁམས་ཧ་ཅང་ཡག་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་དགོས་དོན་གང་ཡིན་ནམ་ཞེས་འདྲི་སྲིད། ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནས་གསེར་རི་དངུལ་རིའི་བར་གྱི་རིན་ཐང་གཞན་སྒྱུར་ལ་འཚོལ་ཞིབ་བྱས་ནས་ཐོན་སྐྱེད་ཀྱི་གཙོ་རྒྱུ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་གང་ལེགས་མངོན་པར་བྱས་པ་དང“དྭངས་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་ཚོང་ཟོག་གི་ཁྱད་ཆོས་དང་། ཁྲོམ་རའི་ཁྱད་ཆོས། དངུལ་རྩའི་ཁྱད་ཆོས་བཅས་ལྡན་པ་བྱས་ཏེ་ཐོན་ཁུངས་ལ་རིན་ཐང་ཡོད་པ་དང་། བེད་སྤྱོད་ལ་རིན་དོད་ཡོད་པ། ཉོ་ཚོང་ལ་ཁྲོམ་ར་ཡོད་པ། གྲོན་ཆུང་ལ་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་བཏང་ཡོད།
རྒྱལ་ལམ་318བརྒྱུད་ནས་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོར་སྐྱོད་སྐབས་འགྲོ་ལམ་གཙང་ལ་གྲལ་འགྲིག་པ་དང་གཞོགས་གཡས་གཡོན་གཉིས་སུ་མེ་ཏོག་དང་རྩྭ་རྩི་ཤིང་གཅིག་ལ་གཅིག་བརྒྱན་ལྟར་དུ་གནས་པ་སོགས་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་ཞིག་མིག་ལམ་དུ་གསལ་ལེར་མངོན་འོང་།
གྲོང་ཚོའི་དུད་ཚང་ཞིག་ནས་བུད་མེད་ཀྱི་གླུ་སྒྲ་སྙན་མོ་ཞིག་གྲགས་འོང་བས་ང་ཚོ་དེའི་ཁྱིམ་གྱི་ཕྱོགས་སུ་བསྐྱོད་པ་ཡིན། “ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བརྗོད་པ་དང་ལོ་46ལ་སླེབས་པའི་བུད་མེད་དེས་ང་ཚོ་ཤིང་འབྲས་ལྡུམ་རར་ལྟ་སྐོར་ལ་འཁྲིད་བྱུང་། དེ་ནི་ཁོང་གི“ནོར་བུ”ལྟ་བུ་རེད། “ཀུ་ཤུ་རོ་མངར་ལ་བྲོ་བ་ཧ་ཅང་ཞིམ་པས་འཚོ་བཅུད་ཕུན་སུམ་ཚོགས་པོ་ཡོད” ཁོང་གིས་དགའ་སྤྲོའི་ངང་ངོ་སྤྲོད་བྱེད་བཞིན་དུ་ཀུ་ཤུའི་སྡོང་པོ་ནས་ཀུ་ཤུ་ཞིག་བཏོགས། ས་སྟེང་ཏུ་བཞག་པའི་སྨྱུག་གཟེབ་ནང་ཀུ་ཤུ་དང་། ལི་ཙི། ལི་སོགས་ཤིང་འབྲས་རྡག་རྡག་བླུགས་འདུག“འདི་ནི་ངས་ཞོགས་པ་བཏོགས་ཚར་ཙམ་ཡིན། ཏོག་ཙམ་ནས་ཁྲོམ་ལ་འཚོང་བར་འགྲོ་རྩིས་ཡོད། རང་ཁྱིམ་དུ་བཏབ་པའི་ཤིང་འབྲས་ལ་ཞིང་སྨན་མེད་ལ་སོས་པ་སོས་རྐྱང་ཡིན་པས་ལོ་ལྟར་གོང་མཐོ་པོ་རག་གི་འདུག”ཅེས་བཤད།
དེ་གོང་། སྤྲིན་པ་གྲོང་ཚོའི་སྐྱེ་ཁམས་བཟང་རུང་དུས་ཡུན་རིང་པོ་དབུལ་པོའི་གནས་ལས་སྒྲོལ་ཐུབ་མེད། དེ་སྔ་དེ་གར་རི་ཀླུང་མཛེས་པ་དང་རང་བྱུང་ཐོན་ཁུངས་ལེགས་ཀྱང་གྲོང་མི་ཚོ་ཕྱུག་པོའི་ལམ་དུ་འགྲོ་ཐུབ་མེད། 2000ལོ་ནས་བཟུང་། སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུས་གྲོང་མི་ཚོར་དཔལ་འབྱོར་ཤིང་འབྲས་འདེབས་འཛུགས་བྱ་རྒྱུའི་ཚོད་ལྟ་དང་ཁྲིད་སྟོན་བྱས་པ་རེད། “འབྲས་ཤིང་དགུན་སྒྲོལ་ཐུབ་བམ། སུས་འདེབས་སྟངས་སློབ་བམ” “ཤིང་འབྲས་བྲིན་ཐུབ་བམ། བྲིན་ཁ་རྒྱུག་པོ་མེད་ན་ང་འདེབས་ཀྱི་མིན” “ཤིང་འབྲས་སྡོང་ཕྲུག་གི་གོང་མཐོ་པོ་མ་རེད་དམ”ལ་སོགས་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱི་དོགས་འཆར་བཏོན།
“སྒོ་ར་ཆེན་པོ་དེ་འདྲ་ཡོད་པས། ཤིང་འབྲས་ཡག་པོ་སྐྱེས་ན་ཕྱུག་འགྱུར་གྱི་ལམ་བུ་ཡག་པོ་ཞིག་མ་རེད་དམ། ད་དུང་སྲིད་ཇུས་ཡག་པོ་འདི་འདྲ་ཡོད་པས། ངས་སྔོན་ལ་ཚོད་ལྟ་ཞིག་བྱེད་ཀྱི་ཡིན”ཞེས་བཤད་རྗེས་སྒོ་རའི་ནང་དུ་སྡོང་ཕྲུག་འདེབས་འགོ་ཚུགས་པས། བུད་མེད་ཁོང་གྲོང་ཚོའི་ནང་གི་འདེབས་འཛུགས་པ་ཐོག་མར་གྱུར།
དེ་སྔ་ཟང་ཟིང་ཆེ་བའི་སྒོ་ར་དང་ཁང་པའི་རྒྱབ་མདུན་དུ་བུད་མེད་ཁོང་གིས་རྒུན་འབྲུམ་སྡོང་པོ་དང་། ལི་སྡོང་། ཀུ་ཤུའི་སྡོང་པོ། ཁྲེ་ལི་ཙེ་སྡོང་པོ་སོགས་སྣ་ཁ་བཅུ་གྲངས་ལ་ཉེ་བའི་དཔལ་འབྱོར་སྡོང་ཕྲུག་200ལྷག་ཙམ་བཏབ་པ་རེད། “ད་ཆ་སྒོ་རའི་དཔལ་འབྱོར་ལ་བརྟེན་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་འདུག”དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་ལས་ཁོང་ལ་ཁེ་བཟང་རག་པས། སྤྲིན་པ་གྲོང་ཚོའི་གྲོང་མི་ཚོས་ཀྱང་རང་ཁྱིམ་གྱི་སྒོ་རའི་ནང་ཕྱུག་འགྱུར་འབབ་འཕར་ཡོང་བའི་འབྲས་ཤིང་འདེབས་འགོ་ཚུགས།
ད་ཆ་སྤྲིན་པ་གྲོང་ཚོའི་དུད་ཚང་ཚང་མའི་སྒོ་རའི་ནང་ཤིང་འབྲས་བཏབ་ཡོད་པས་ཁོ་ར་ཁོར་ཡུག་ཀུན་ཧ་ཅང་སྐྱིད་སྣང་དོད་པོ་ཡོད་པ་རེད།
ལོ་མང་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པོའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ“རི་གཉིས”ཀྱི་ཕྱོགས་གཉིས་གཞན་སྒྱུར་གྱི་བགྲོད་ལམ་ཧུར་ཐག་བཏོད་དེ་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་བཏང་ནས་མང་ཚོགས་དེ་བས་མང་བ་སྐྱེ་ཁམས་ལམ་བུའི་ཐོག་སྐྱོད་པ་དང་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་སྐྱེལ་བར་ཁྲིད་སྟོན་བྱས་ཡོད། སྐྱེ་ཁམས་ཡུལ་སྐོར་གྱི་སྣེ་ལེན་ཡོང་འབབ་དེ་2012ལོའི་སྒོར་དུང་ཕྱུར་18.59ནས་2021ལོའི་སྒོར་དུང་ཕྱུར་83.75བར་མང་དུ་སོང་ནས་ལྡབ་4.5འཕར་ཏེ་ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་བྱེད་ཚད་རིམ་རྩིས་བྱས་ན་ཁྲི་10ལྷག་ཙམ་ཟིན་ནས་ཡོང་འབབ་སྒོར་ཁྲི་3200ལྷག་ཙམ་བྱུང་བ་དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་3000ལྷག་ཙམ་ཟིན་ཡོད།
བྲག་ཡིབ་ཆུས་བུ་ཆུ་ཤང་དུ་ཀོང་པོའི་དམངས་སྲོལ་རིག་གནས་ཀྱི་རྣམ་པ་ཟབ་པས་ཡུལ་དེས“ཡུལ་སྐོར་དང་དམངས་སྲོལ་རིག་གནས”ཟུང་འབྲེལ་གྱི་ལེགས་ཆ་གང་ལེགས་བཏོན་ཏེ་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། འདི་ནི་བུ་ཆུ་ཤང་རྡོ་སྟེང་གྲོང་ཚོའི་གྲོང་མིས་ཀོང་པོའི་སྲོལ་རྒྱུན་བོད་ཆས་སྤྲས་ཏེ་ཆང་ཕུད་འདེགས་བཞིན་པ།
སྐྱེ་ཁམས་བཟང་པོས་བདེ་སྐྱིད་ཀྱི་རྨང་གཞི་བཏིང་བ།
གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་ཀྱི་གྲས་ཤིག་ཡིན། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་བཀའ་འབྱོར་འཕྲལ་སྒྲུབ་བྱས་ཏེ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་སྒྲུབ་འགོ་བཙུགས། རིམ་ཁག་ཏང་སྲིད་འགོ་ཁྲིད་གཙོ་བོས་དངོས་འཛིན་དངོས་སྒྲུབ་བྱས་ནས་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་གདོང་མཆོང་སྣེ་ཁྲིད་དང་། གྲོང་མི་ཚོས་ཧུར་ཐག་ཞུགས་པས“མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མ་ཞུགས་པའི”ཁོར་ཡུག་བཟང་པོ་ཞིག་ཆགས་ཡོད།
ད་ཆ་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་སྤྱི་གཏོང་གྲོང་ཚོའི་བུ་རྒྱགས་པའི་ཁྱིམ་གྱི་གསང་སྤྱོད་དུ་ངོས་གཙང་བའི་དཀར་གཅལ་དང་། ཆུ་འདེད་ཆབ་གཞོང་ཡོད་ལ་གཙང་སྦྲ་ཡང་དོད་པོ་ཡོད་པ་རེད། “གསང་སྤྱོད་སྒྱུར་བཀོད”བྱས་པས་འཚོ་བར་རྣམ་པ་གསར་པ་མངོན་པ་དང་། ཁོར་ཡུག་སྐྱིད་ལ་གཙང་སྦྲ་དོད་པས་སེམས་པ་སྔོན་མ་ལས་སྐྱིད་པ་འདུག”ཅེས་བཤད།
གྲོང་གསེབ་ཀྱི་ཁོར་ཡུག་གཙང་ཞིང་མཛེས་པོ་ཡོང་མིན་དེ་གད་སྙིགས་གཙང་སེལ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་ལུང་འགོ་གྲོང་ཚོའི་གྲོང་མིར་ད་ཆ་གྲོང་ཚོའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད། “ཁྱིམ་དུ་ཉར་བའི་ཤེལ་དམ་དང་ལྕགས་ཀྲིན་རིགས་དེ་སྔ་གང་སར་དབྱུག་གི་ཡོད། ད་ཆ་གྲོང་ཚོའི་ནང་གི་སྒོ་རྩིས་ཚོང་ཁང་ནས་སོ་སྨན་དང་ཤོག་བུ་སོགས་འཚོ་བའི་མཁོ་ཆས་བརྗེ་ཆོག་པས་དེ་རིང་ངས་ཤོག་བུ་ཆག་པ་གཉིས་བརྗེས་པ་ཡིན”ཞེས་ལུང་འགོ་གྲོང་ཚོའི་གྲོང་མི་སྤེན་པ་ཆོས་སྒྲོན་གྱིས་དགའ་སྤྲོའི་ངང་བཤད།
གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བས། “རི་བོ་གཙང་བ་དང་། ཆུ་མོ་དྭངས་བ། ཕ་ཡུལ་ལ་བཅངས་པའི་འཕྲེང་སེམས་ཚོར་ཐུབ་པ”བཅས་ཀྱི་རང་བྱུང་མཛེས་ལྗོངས་སླར་ཡར་མངོན་ནས་གྲོང་གསེབ་མཛེས་སྡུག་ལྡན་པ་དང་མི་སེར་གྱི་འཚོ་བ་དེ་བས་སྐྱིད་དུ་སོང་ཡོད།
ཉིང་ཁྲི་གྲོང་ཁྱེར་གྱི་ཧྲི་ཀྲང་དཔའ་དར་གྱིས“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྩ་བའི་ཇུས་ཆེན་དང་འབྲེལ་བ་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་མཐའ་གཅིག་ཏུ་བཞག་སྟེ་འཕེལ་རྒྱས་ཁྲོད་སྲུང་སྐྱོང་དང་སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཆོད་སེམས་དང་། བློ་སྟོབས་དེ་བས་ཆེ་བའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་ལས་དོན་གྱི་སྤྱི་ཡོངས་ཁྲོད་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་འདོན་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད།
གསར་འགོད་པའི་ཟིན་བྲིས།
བཅར་འདྲི་བྱེད་རིང་གསར་འགོད་པས་འདམ་རའི་བདག་སྐྱོང་བ་གཉིས་དང་འདམ་རའི་སྐོར་སྲུང་ཐད་གླེང་མོལ་ཞིབ་ཕྲ་བྱེད་སྐབས། རྟ་མགྲིན་ཚེ་རིང་དང་ཚེ་རིང་བཀྲ་ཤིས་ཀྱིས་ཉེ་བའི་ལོ་དེ་དག་ནང་འདམ་ར་སྐོར་སྲུང་བྱེད་སྐབས་བརྒྱུད་མྱོང་བའི་འགྱུར་ལྡོག་ལྷུག་པོར་གླེང་བྱུང་། འགྱུར་ལྡོག་དེ་དག་ནི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་ཁོ་ན་ཙམ་མ་ཡིན་པར་མི་སྔར་ལས་མང་བ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཔུང་ཁག་ཁྲོད་ཞུགས་ཏེ་ཚང་མས་མཉམ་དུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཇི་ལྟར་བྱེད་དགོས་མིན་འཚོལ་ཞིབ་བྱས་པར་གོ་དགོས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས་ཡུལ་དེར་ཡང་སྙིང་ཕན་ཐོགས་གང་འདྲ་ཡོང་སྲིད་དམ་ཞེ་ན།
བདག་སྐྱོང་པ་གཉིས་ཀྱིས་དཔེ་འདི་འདྲ་ཞིག་དྲངས་པ་སྟེ། སྔོན་མ་གྲོང་མི་ཚོའི་མེ་ཟོན་གྱི་འདུ་ཤེས་ཟབ་པོ་མེད་པས་རྟག་ཏུ་ནགས་ཁུལ་དུ་ཐ་མག་འཐེན་མཁན་ཡོད། འོན་ཀྱང་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་ནས་བཟུང་ཚང་མས་མཛེས་ལྗོངས་ནི་ཡུལ་སྐོར་གྱི་ལེགས་ཆ་ཆེ་ཤོས་ཤིག་ཡིན་པ་དང་སྐྱེ་ཁམས་བཟང་པོ་ནི“ལྕགས་ཕོར”ཡིན་པ་ཚོར་ཡོད། ནགས་ཚལ་དང་རྩྭ་ཐང་དུ་ཐ་མག་འཐེན་ན་མེ་སྐྱོན་ཐོན་སྲིད་པ་དང་། ཐ་མག་གཅིག་གིས་ཚང་ཚིང་ནགས་ཚལ་བརླགས་པར་བྱེད་པས། རང་ཉིད་དང་ཐ་ན་གྲོང་ཚོ་ཡོངས་ཀྱི་འཕེལ་རྒྱས་ཀྱི་མདུན་ལམ་མེད་པར་བཟོ་སྲིད། སྐྱོན་ཆེན་པོ་དེ་དག་མཐོང་རྗེས་སྤྱིའི་ཆ་ནས་ནགས་ཁུལ་དུ་ཐ་མག་འཐེན་མཁན་མེད།
གོང་གསལ་གྱི་དཔེ་དེ་ལས་སྐྱེ་ཁམས་བཟང་པོའི་ཕན་པར་བརྟེན་ནས་ད་གཟོད་སྐྱེ་ཁམས་སྲུང་སྐྱོང་ལ་དེ་བས་མཐོང་ཆེན་བྱེད་པའི་གཏན་ཚིགས་མངོན་ཡོད།
རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ས་ཆ་འདི་དག་ཏུ་གསལ་གསལ་ཐིང་ཐིང་ངང་མངོན་ཡོད། གྲོང་ཚོ་ནས་གྲོང་ཚོ་དང་། གནད་ནས་ཁྱོན། དེ་ནས་ཡུག་སྦྲེལ་ཆགས་པའི་བར་གྲོང་ཚོ་ཚང་མས་སྐྱེ་ཁམས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད།
དེ་དག་ཚང་མ་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་རིང་སྐྱེ་ཁམས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བས། རང་བྱུང་ཁམས་ཆེ་མོའི་ཁྲོད་དུ་གྲོང་ཁྱེར་འཕེལ་རྒྱས་ཡག་པོ་བྱུང་བའི་གསོན་ཉམས་དོད་པོའི་མཚོན་ཚུལ་ཤ་སྟག་རེད།
གོམ་སྟབས་རྗེས་མར་ཉིང་ཁྲི་གྲོང་ཁྱེར་གྱིས“ལྗང་མདོག་དང་ཕྱུག་འགྱུར་གཉིས་ཕན”གྱི་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་དེ་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་མཉམ་དུ་ཆེ་རུ་ཏན་ཏིག་གཏོང་ཐུབ་པ་བྱས་ཏེ“མི་སེར་ཕྱུག་པ་དང་སྐྱེ་ཁམས་མཛེས་པ་ཟུང་འབྲེལ་ནུས་ལྡན”གྱི་མཛེས་རིས་ལྟ་ན་སྡུག་པ་ཞིག་མཉམ་དུ་འབྲི་རྒྱུ་རེད།