དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཉིང་ཁྲིས་སྐྱེ་ཁམས་དང་ཡུལ་སྐོར་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-09

    དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་དུས་སུ་གསར་འགོད་པ་ཡུལ་སྐོར་བ་མང་བའི་ཉིང་ཁྲིར་སླེབས། བྲག་གསུམ་མཚོའི་ངོགས་སུ་གནས་པའི་ཀོང་པོ་རྒྱ་མདའ་རྫོང་བྱེ་པ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་དུ་ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད།

    ལོ་འགའི་སྔོན་ལ་དེ་གར་འཕེལ་རྒྱས་ཀྱི་རྣམ་པ་དེ་འདྲ་མཐོང་རྒྱུ་མེད། “ལོ་དྲུག་གོང་གི་བྱེ་པ་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་ཐར་ཐོར་ལས་མེད་པ་དེ་དག་གི་ཉལ་ཁྲི་ཆུང་ཆུང་ཞིག་ལས་མེད་པ་དང་གཟུགས་པོ་འཁྲུ་སའང་མེད་ལ། གསང་སྤྱོད་ཀྱང་ཐོག་མེད་གསང་སྤྱོད་རེད”ཅེས་ཚངས་དབྱངས་ཁྱིམ་ཚང་མགྲོན་ཁང་རྩེ་གྲ་གཏོད་མཁན་ཀོང་ཏུང་ཀྲུང་ཧྲན་ནས་ཡིན་པའི་ཕོ་གསར་ལན་ཡུས་ཧྥུང་གིས་གསར་འགོད་པར་དེ་ལྟར་བཤད། སྐབས་དེ་དུས་ལན་ཡུས་ཧྥུང་དངུལ་རྩའི་ལས་རིགས་སུ་ལས་ཀ་བྱེད་བཞིན་ཡོད། སྟེས་དབང་གི་གནམ་གཤིས་ཀྱིས་རྐྱེན་པས་ཁོང་བྱེ་པ་གྲོང་ཚོར་བསྡད་པས་དེ་གའི་རང་བྱུང་མཛེས་ལྗོངས་དང་། སེམས་རྩ་འཁོལ་བའི་གྲོང་མི། ཁྱད་ཆོས་ཟབ་མོ་ལྡན་པའི་དམངས་སྲོལ་རིག་གནས་བཅས་ཀྱིས་ཁོང་གི་ཡིད་དབང་འཕྲོག

    དེ་ནས་ལན་ཡུས་ཧྥུང་ལ་བསམ་ཚུལ་གསར་པ་ཞིག་བྱུང་། ཁོང་གིས་ལྷ་ཉིང་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ཉེར་ཡོད་པས་སྣུམ་ནག་གཞུང་ལམ་བྲག་གསུམ་མཚོ་མོར་ཤར་གཏོང་ཐུབ་རྒྱུ་རེད། སླད་ཕྱིན་འགྲིམ་འགྲུལ་སྔར་བས་སྟབས་བདེ་རུ་དང་ཡུལ་སྐོར་བ་ཇེ་མང་དུ་འགྲོ་ངེས་རེད། དེར་བརྟེན་ལས་གནས་དགོངས་ཞུ་བྱས་ནས་དེ་གར་ཁྱིམ་ཚང་མགྲོན་ཁང་རྩེ་གྲ་ཞིག་བསྐྲུན་ན་སྙམ།

    ཁོང་གི་བསམ་ཚུལ་ལ་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཀོང་པོ་རྒྱ་མདའ་རྫོང(ཀྲུང་ཧྲན)ལས་དོན་ཚོགས་ཆུང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ནས་ཁོང་ལ་ཚངས་དབྱངས་ཁྱིམ་ཚང་མགྲོན་ཁང་རྩེ་གྲ་སྐྲུན་རོགས་བྱས་པ་རེད། ཁོང་གི་སྣེ་ཁྲིད་འོག་གྲོང་མི་མང་པོ་ཞིག་གིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཉེ་འགྲམ་དུ་རང་ཉིད་ཀྱི་ཁྱིམ་ཚང་མགྲོན་ཁང་བསྐྲུན་པས་གྲོང་ཚོ་དེ་རིམ་བཞིན་འཁྲུག་ཆ་དོད་དུ་ཕྱིན།

    བྱེ་པ་གྲོང་ཚོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཀོང་པོ་རྒྱ་མདའ་རྫོང(ཀྲུང་ཧྲན)ལས་དོན་ཚོགས་ཆུང་གིས་མ་དངུལ་སྒོར་ཁྲི་1500བཏང་ནས་བྱེ་པ་གྲོང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཕྱོགས་བསྡུས་རྟེན་གཞི་སྐྲུན་རོགས་བྱས་ཏེ་བྱེ་པ་གྲོང་ཚོར་གློག་སྒྲོན་དང་། ཁྲོམ་གཞུང་། རླངས་འཁོར་འཇོག་ས་སོགས་ལ་ཁྱོན་ཡོངས་ནས་སྒྱུར་བཀོད་བྱས་པ་རེད། སྒྱུར་བཀོད་བྱས་རྗེས་ཁྱིམ་ཚང་མགྲོན་ཁང་48ཚང་མ་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེ་བ་དང་ལོ་རེར་ཡུལ་སྐོར་བ་ཁྲི་4ཙམ་ལ་སྣེ་ལེན་ཞུས་པར་ས་གནས་དེ་གའི་གྲོང་མིར་ཡོང་འབབ་སྒོར་ཁྲི་400ཙམ་བྱུང་ཡོད་པ་རེད།

    བྱེ་པ་གྲོང་ཚོའི་ལམ་མདོར་ཡོད་པའི་བསོད་ནམས་དབང་ཕྱུག་གི་ཁྱིམ་ཚང་མགྲོན་ཁང་གི་གནས་མོ་ཚེ་རིང་གིས་གསར་འགོད་པར“གྲོང་ཚོའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། ང་ཚོས་སྒོར་ཁྲི་20བཏང་སྟེ་ཁྱིམ་ཚང་མགྲོན་ཁང་ཉམས་གསོ་བྱས་པ་ཡིན། ད་ཆ་འགྲུལ་ཁང་གི་ཁང་མིག་16ཚང་མར་གཟུགས་པོ་འཁྲུ་ས་ཡོད། སྔོན་མངགས་བྱས་ཚད(ཡུལ་སྐོར་བ་མང་དུས་ཀྱི་ཟླ་6)དང་ཁང་གླ(བྲིན་ཁ་རྒྱུགས་དུས་ཀྱི་སྒོར་200ཡས་མས)བརྩིས་ན་དུས་འགོར་བཏང་བའི་མ་རྩ་ལོ་གཉིས་གསུམ་ནང་ཚུན་དུ་ལོག་གི་འདུག”ཅེས་བཤད།

    ཚངས་དབྱངས་ཁྱིམ་ཚང་མགྲོན་ཁང་རྩེ་གྲ་དང་བྱེ་པ་གྲོང་ཚོའི་ཡུལ་སྐོར་གྱི་སྐོར་གླེང་སྐབས། ལན་ཡུས་ཧྥུང་གིས“ང་ཚོའི་ཚོགས་པས་ད་ཆ་རྟག་པར་དྲ་ཐོག་ནས་ཐད་གཏོང་བྱས་ཏེ་དྲ་གྲོགས་དེ་བས་མང་བར་ཉིང་ཁྲི་དང་བྲག་གསུམ་མཚོ་ངོ་སྤྲོད་བྱེད་ཀྱི་ཡོད། ཁོང་ཚོ་གདོད་མའི་སྐྱེ་ཁམས་ཀྱི་ཉམས་སྣང་ལྡན་པའི་བྱེ་པ་གྲོང་ཚོར་ཡུལ་སྐོར་ལ་ཡོང་བ་དང‘རྒྱལ་ཡོངས་ཀྱི་གནའ་བོའི་གྲོང་ཚོ་ཆེ་གྲས་བཅུ’ལ་ལྟ་བར་ཡོང་རྒྱུའི་རེ་བ་ཡོད། ང་ཚོས་ཀྱང་གྲོང་ཚོའི་བེ་ཤ་དང་སྡོང་ཕུང་སོགས་ཡུལ་ཟོག་ཡག་པོ་དེ་ཚོ་ས་ཆ་གཞན་དུ་འཚོང་ཐུབ་པ་བྱེད་ཀྱི་ཡིན། ངས་རང་ནུས་ཡོད་རྒུ་བཏོན་ནས་བྱེ་པ་གྲོང་ཚོའི་གྲོང་མིར་རང་སོ་སོའི་ཁྱིམ་ཚང་མགྲོན་ཁང་ཡག་པོ་གཉེར་རོགས་བྱས་ནས་བྱེ་པ་གྲོང་ཚོའི་དཔལ་འབྱོར་ལེགས་ལ་མྱུར་བའི་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་ཀྱི་ཡིན། དེས་ན་ང་མི་གཅིག་ཕྱུག་པོ་ཆགས་པ་ལས་དོན་སྙིང་ཆེ་བ་འདུག”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།