དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རི་ཀླུང་སྔོ་ལྗང་ཅན་དུ་གྱུར། ཁོར་ཡུག་རི་མོ་ལྟར་དུ་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-02

    དཔྱིད་ཟླ་གསུམ་པ་ནི་ཤིང་འཛུགས་དུས་ཚིགས་ཡིན་ཞིང་། ལྷ་ས་སྐྱིད་ཆུའི་ངོགས་གཉིས་ཀྱི་གྲམ་ཐང་དང་རི་ལྡེབས་སུ“ལྕང་འཛུགས་དཔུང་ཆེན”གྱིས་ས་དོང་འདྲུ་བ་དང་། ལྕང་སོན་སྐྱེལ་བ། ཆུ་འདྲེན་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།

    “སྒེའུ་ཁུང་ནས་སྔོ་ལྗང་གི་ཁོ་ར་ཁོར་ཡུག་མཐོང་ཐུབ་ན་ཚང་མའི་སེམས་པ་སྐྱིད་པོ་ཡོང་གི་རེད། ལྕང་མ་ཡག་པོ་འཛུགས་ཐུབ་ཚེ་ང་ཚོའི་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པར་འགྱུར་ངེས་རེད” སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་གྱི་གྲོང་མི་ཟླ་བ་བཀྲ་ཤིས་ཀྱིས་ལྕང་ཁུང་འདྲུ་བཞིན་དུ་བཤད། ས་གནས་དེ་གའི་མང་ཚོགས་ཡིན་པའི་ཁོང་བོད་ཀྱི་ལོ་རྒྱུས་ཐོག་གི་ཤིང་འཛུགས་ནགས་བཟོའི་འཛུགས་སྐྲུན་ལས་གྲྭ་ཆེ་ཤོས་ཏེ། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས(བདེ་ཆེན་ནུབ་ཁུལ་དང་པོའི་ཡུག་ཁུལ)ཀྱི་འཛུགས་སྐྲུན་ནང་ཞུགས་པ་བརྒྱུད་ཉིན་རེར་ཡོང་འབབ་སྒོར་200ཙམ་ཡོང་གི་ཡོད་པ་རེད། ཁོང་གིས“ལྕང་མ་བཙུགས་པ་བརྒྱུད་འཚོ་བའི་ཁོར་ཡུག་མཛེས་སུ་སོང་བ་མ་ཟད། ང་ཚོར་ད་དུང་ཡོང་འབབ་ཀྱང་རག་གི་འདུག”ཅེས་དགའ་སྤྲོའི་ངང་བརྗོད།

    ས་གནས་དེ་གའི་སྲིད་གཞུང་སྡེ་ཚན་གྱི་འབོད་སྐུལ་དང་སྐུལ་ཁྲིད་འོག ཟླ་བ་བཀྲ་ཤིས་དང་འདྲ་བའི་མང་ཚོགས་དེ་བས་མང་བ་ལྕང་མ་འཛུགས་པའི་དཔུང་ཆེན་ནང་ཞུགས་ནས་ཁང་པའི་རྒྱབ་མདུན་དང་། རི་ལྡེབས། གྲམ་ཐང་བཅས་སུ་སྡོང་ཕྲུག་འདེབས་ཀྱི་ཡོད། འདི་ནི“ལོ་5ཡི་རིང་རི་ཀླུང་ཐམས་ཅད་སྔོ་ལྗང་དུ་འགྱུར་བ་དང་ལོ་10ཡི་རིང་ལྷ་ས་སྔོ་ལྗང་ཅན་དུ་འགྱུར་བའི”གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ལ། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་སྐྱེ་ཁམས་ཤེས་དཔལ་བསྐྲུན་རྒྱུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་ཧུར་ཐག་བྱེད་པའི་མཚོན་ཚུལ་དངོས་ཤིག་དེ་བས་ཀྱང་རེད།

    2021ལོའི་ཟླ་5ཚེས་1ཉིན། 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ཤིང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཤེས་དཔལ་བསྐྲུན་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།

    2022ལོར་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་སྲོལ་ཡིག་དོན་འཁྱོལ་ནན་པོ་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་འཆར་འགོད(2021ལོ་ནས་2035ལོ་བར)》བཀྲམ་ནས་ལག་བསྟར་བྱས་པ་དང་ལོ་5ཡི་ལག་བསྟར་བསམ་འཆར་དང་ལོ་འཁོར་གྱི་ལས་ཀའི་ཇུས་གཞི་བཟོས་ཤིང“སྲོལ་ཡིག་འགན་ལེན་དུ་བྱེད་པ་དང་། འཆར་འགོད་དཔེ་གཞིར་འཛིན་པ། བསམ་འཆར་མཛུབ་ཁྲིད་དུ་བྱེད་པ། ཇུས་གཞི་ཐབས་ལམ་དུ་བཟུང་བ”བཅས་ཀྱི་མཐོ་ས་འཛུགས་གཏོད་ཀྱི“གདུང་བཞི་ཀ་བརྒྱད”ཀྱི་སྒྲོམ་གཞི་གཞི་རྩའི་ཆར་གྲུབ་ཡོད་པ་རེད།

    དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ཀྱི་མཐོ་ས་འཛུགས་གཏོད་གཞུང་དོན་ཁང་བཙུགས་ནས་བྱ་སྤྱོད་ཆེན་པོ་བཅུ་དང་། ལོ་འཁོར་གྱི་གཙོ་གནད་ལས་འགན་ཁག་53 གཙོ་གནད་འདེགས་སྐྱོར་རྣམ་གྲངས་ཁག་14 མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཁག་4བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད་པ་རེད། ལོ་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་རིགས་ཆེ་གྲས་6གི་དམིགས་ཚད་ཁག་32ཁྲོད་ནས་དམིགས་ཚད་ཁག་11རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ལས་དོན་ཁྲོད། རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་གྱི་རིམ་པ་གཉིས་འཛུགས་གཏོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དེ་དམ་འཛིན་བྱ་གཞི་གཙོ་བོ་ཞིག་ཏུ་བརྩིས་ནས་2022ལོར་འཚོགས་པའི་ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་གླེང་སྟེགས་སྐབས་བཅུ་པའི་ཐོག་འཇོ་མདའ་རྫོང་དང་། སྤོ་བོ་རྫོང་། འཕྱོངས་རྒྱས་རྫོང་བཅས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་ཁུལ་ཁག་དྲུག་པའི་ནང་བདམས་པ་དང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་ཀྱི་རྟེན་གཞི་ཁག་དྲུག་པའི་གྲས་སུ་བདམས་པ་རེད།

    གྲངས་གཞི་ལས་མངོན་པར། རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)5དང་རྫོང(ཆུས)9 རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་ཁུལ་ལེགས་གྲུབ་ལྡན་པའི་ངང་འཛུགས་གཏོད་བྱས་པ་དང་། རྫོང་2དང་གྲོང་གསེབ་1“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་ཀྱི་རྟེན་གཞིར་བདེ་བླག་ངང་འཛུགས་གཏོད་བྱས་པ། རྫོང(ཆུས)11དང་། ཤང(གྲོང་རྡལ)91 གྲོང་ཚོ(གྲོང་ལྷན)879བཅས་ལ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་ཁུལ་གྱི་མིང་བཏགས་པ་བཅས་རེད།

    རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འཆར་འགོད་ལྟར་ན་2030ལོར་སླེབས་སྐབས་ལྷ་ས་གྲོང་ཁྱེར་གྱིས་ནགས་བཟོའི་རྒྱ་ཁྱོན་དེ་ད་ཡོད་ཀྱི་ལྷོ་རི་སྔོ་འགྱུར་རྒྱ་ཁྱོན་གྱི་ལྡབ་600ཙམ་བར་མང་དུ་གཏོང་རྒྱུ་ཡིན་པ་དང་། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་བ་ལས་ལྷ་སའི་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ནས་ཁུལ་ཁོངས་ཀྱི་ནགས་ཚལ་སྐྱེ་ཁམས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། ལས་གྲྭར་ལོར་ཆ་སྙོམས་ཆུ་གསོག་ཚད་ཏུན་ཁྲི་4980ཙམ་བར་མང་དུ་འགྲོ་བ། སྲ་ཐཱན་འདུས་ཚད་ཏུན་ཁྲི་22.91ཟིན་པ། གསོ་རླུང་འདུས་ཚད་ཏུན་ཁྲི་19.3ཟིན་པ། ལུད་འབོར་ཏུན་ཁྲི་2.71ཟིན་པ། ལོའི་སྐྱེ་ཁམས་རིན་ཐང་སྒོར་དུང་ཕྱུར་14.85ཟིན་པ་བཅས་བྱ་རྒྱུ་རེད།

    རི་སྔོན་ཆུ་དྭངས་ཀྱི་གཞི་རྩ་བརྟན་པོར་བསྲུངས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པ་ནི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་གྱི་ཆུ་ཚད་མཐོ་རུ་གཏོང་བའི་གཅིག་ལ་གཅིག་བརྟེན་དང་གཅིག་ཕན་གཅིག་རོགས་ཀྱི་ལམ་བུ་ཞིག་དེ་བས་ཀྱང་ཡིན་པས་ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་ནི་མི་རྣམས་བློ་ཡིད་ཚིམ་པའི་བདེ་སྐྱིད་ལྡན་པའི་བོད་ལྗོངས་དེ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་དང“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ཤིང་འཛུགས་ནགས་བཟོའི་ལས་གྲྭ་སོགས་ལག་བསྟར་གཏིང་ཟབ་བྱས་པས་ལྗོངས་ཡོངས་སུ་ནགས་ཚལ་ཁྱབ་ཚད་12.31%བར་མཐོ་རུ་ཕྱིན་པ་དང་རྩྭ་ཐང་ལ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་48.02%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།