དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རིག་གནས་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-27

    ཉིན་ཤས་བསྟུད་མར་ཕོ་བྲང་པོ་ཏ་ལ་དང་ཇོ་མོ་གླང་མ་སོགས་Aརིམ་པའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་སླེབས་ཡོད། གྲངས་གཞི་ལས་མངོན་པར་འདི་ལོའི་ཟླ་དང་པོ་ནས་གཉིས་པའི་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་145.26ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་48.02%འཕར་བ་དང་། ཡུལ་སྐོར་ཡོང་འབབ་ཁྱོན་བསྡོམས་སྒོར་དུང་ཕྱུར་12.6བྱུང་བ་དེ་དུས་མཚུངས་ལས་55.15%འཕར་ཡོད།

    “ད་རེས་བོད་དུ་ཡོང་ནས་ཕོ་བྲང་པོ་ཏ་ལ་དང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ཕྱིན་པ་ཡིན། ཡོང་རིན་ཆེན་པོ་བྱུང”ཞེས་ཀན་སུའུ་ནས་ཡོང་བའི་ཡུལ་སྐོར་བ་ཞའོ་ལན་གྱིས་གསར་འགོད་པར་བཤད།

    རེས་སྐོར་ལྔ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”ཁྲོམ་རར་སྐུལ་འདེད་གཏོང་བའི་བྱ་དགའ(ཁ་གསབ)སོགས་གཟིགས་སྐྱོང་སྲིད་ཇུས་ཀྱི་སྐུལ་འདེད་འོག་འདི་ལོ་ཚུན་དུ་རང་ལྗོངས་ཀྱི་ཡུལ་སྐོར་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་ཡོད། “གངས་ལྗོངས་བཀྲ་ཤིས་བདེ་ལེགས་ཤོག དགུན་དུས་ཡུལ་སྐོར་ལ་ཕྱག་རྟགས་ཡོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་སྤེལ་ནས་Aརིམ་པའི་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ལས་དོན་ཁང་། སྐར་མ་རིམ་པའི་གསོལ་མགྲོན་ཁང(མགྲོན་ཁང) ཡུལ་སྐོར་འགྲུལ་སྐྱེལ་བཅས་ལ་བྱ་དགའ་ཁ་གསབ་སྤྲོད་པ་དང་ཕན་བདེའི་གཟིགས་སྐྱོང་མང་པོ་ལག་བསྟར་བྱས་པ་རེད།

    “ཉིན་འདི་དག་ལ་ཇོ་མོ་གླང་མར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་སོང་བས་2023ལོའི་ཡུལ་སྐོར་ལས་རིགས་ལ་འགོ་ཡག་པོ་ཞིག་བཙུགས་ཐུབ་བྱུང་། དེ་ལས་ང་ཚོས་ཡུལ་སྐོར་ཐོན་ལས་ཡག་པོ་གཉེར་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་སོང་། ཡུལ་སྐོར་ལས་རིགས་ཀྱིས་དིང་རིའི་གྲོང་གསེབ་དར་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་རེད”ཅེས་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་ཀུང་སིའི་འགན་འཁུར་བས་མིག་སྔར་ཇོ་མོ་གླང་མའི་ཡུལ་སྐོར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད།

    ཡུལ་སྐོར་ལས་རིགས་སླར་གསོར་སྐུལ་འདེད་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་གྱིས་བཏོན་པའི་དཔལ་འབྱོར་བརྟན་པོ་ཡོང་བའི་སྐབས་འཕྲལ་རང་བཞིན་གྱི་བྱེད་ཐབས་འགའ་ཞིག་དོན་འཁྱོལ་ནན་པོ་བྱས་ནས་2023ལོའི་ལོ་ཧྲིལ་པོར་ཡུལ་སྐོར་བར་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་1800སྤྲོད་རྩིས་ཡོད་པ་རེད། སྒོ་འཛིན་ཆག་ཡང་དང་རྩ་ཆག་གཏོང་བ་དང་སྲོལ་རྒྱུན་གྱི་དམངས་སྲོལ་གནས་ཚང་སོགས་ཀྱི་བྱེད་སྒོ་སྤེལ་ནས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལ་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ལྗོངས་ཕྱིར་ཡུལ་སྐོར་འོས་སྦྱོར་གྱི་བྱེད་སྒོ་སྤེལ་ནས“རྒྱལ་ལམ་གྱི་ལམ་ཐིག་མཛེས་ཤོས”དང“རྒྱལ་ལམ་དེད་ནས་མཐའ་མཚམས་སྐོར” “འདོད་པ་ལྟར་ཡུལ་སྐོར་བྱེད”སོགས་ཡུལ་སྐོར་ལམ་ཐིག་དང་ཐོན་རྫས་སྔ་རྗེས་སུ་བཏོན་ནས་ཡུལ་སྐོར་བ་གཞིས་རྩེར་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    “ཨ་ཅག གཞོགས་འདིར་མཐོ་ཙམ་བཏེགས་དང”ཞེས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོའི་གྲོང་མི་ལྷག་པ་སྒྲོལ་མས་གཅེན་པོའི་ནང་མི་དང་མཉམ་དུ་རང་ཉིད་ཀྱི་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། འདི་ལོ་ཁོང་ཚོའི་ཁྱིམ་ཚང་མགྲོན་ཁང་སླར་ཡང་རིམ་པ་སྤར་ནས་སླེབས་ཉེར་ཡོད་པའི་ཁམ་བུའི་མེ་ཏོག་དུས་ཆེན་བསུ་བའི་གྲ་སྒྲིག་བྱེད་ཀྱི་ཡོད་པས་ནང་མི་ཚང་མ་བྲེལ་བས་ཁེངས།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་ཉི་ཤུ་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་3ཚེས་28ཉིན་འགོ་ཚུགས་རྒྱུ་ཡིན་པ་རེད། “རྒྱལ་ཡོངས་ཀྱི་གྲོགས་པོ་ཚོ་གདན་དྲངས་ནས‘མི་ཡུལ་གྱི་དག་ཞིང·མཛེས་སྡུག་ལྡན་པའི་ཉིང་ཁྲིར’ཁམ་བུའི་མེ་ཏོག་ལ་མཉམ་དུ་བལྟས་ནས་དེ་གའི་མཛེས་ལྗོངས་ལ་མཉམ་དུ་མྱོང་རོལ་བྱེད”ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བ་དེས་ཉིང་ཁྲི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཏང་ཙུའི་ཧྲུའུ་ཅི་བསྟན་འཛིན་བསམ་གྲུབ་ཀྱིས་བཤད།

    རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བས“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་གཟིགས་སྐྱོང་སྲིད་ཇུས་ཀྱི་བྱེད་སྒོ་དང“ཡུལ་དེ་གའི་ཡུལ་སྐོར”བྱེད་སྒོ་གཉེར་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རང་ལྗོངས་ཀྱི་ས་གནས་མང་པོའི་རིག་གནས་ཡུལ་སྐོར་ཁྲོམ་རར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ནས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་སླར་གསོའི་གོམ་སྟབས་མགྱོགས་སུ་ནུས་ལྡན་ཕྱིན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།