བོད་ལྗོངས་ཨ་མདོ་རྫོང་དྲག་ཆས་པུས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་དངོས་བྲིས།
འདི་ནི་ཨ་མདོ་རྫོང་དྲག་ཆས་པུའི་དཔོན་དམག་ཚོས་གཙང་གཞུང་དུ་གད་སྙིགས་བསྒྲུགས་ནས་དུས་རྟག་ཏུ་ཨ་མདོ་རྫོང་གི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་བ།
ད་ཕན་ལོ་ཤས་རིང་། བོད་ལྗོངས་ཨ་མདོ་རྫོང་དྲག་ཆས་པུས་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་རྒྱ་ཆེའི་ཡུལ་དམག་ལ་འབྲེལ་བ་དམ་ཟབ་ཀྱིས་ས་གནས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཧུར་ཐག་དང་དེར་ཞུགས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་དྲིལ་བསྒྲགས་སློབ་གསོ་ཡག་པོ་སྤེལ་བ་དང་མཚོ་བོད་ཀྱི་སྲོག་རྩ་དང་གཙང་པོའི་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱས་པ་མ་ཟད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གིས་བོད་བྱང་ཐང་གི་རང་བྱུང་སྣོད་བཅུད་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།
ངོས་འཛིན་ཟབ་ཏུ་བཏང་ནས་སྐྱེ་ཁམས་ཤེས་དཔལ་གྱི“སྒྲོག་འགྲེལ་བ”བྱེད་པ།
ཨ་མདོ་རྫོང་ཁོངས་ཀྱི་ཆུ་རྒྱུད་ཚང་མ་ནི་གཙང་པོའི་ཆུ་འགོའམ་ཡང་ན་ཆུ་ཕྲན་ཡིན་ཞིང་། རྒྱུག་ཆུ་གཙོ་བོའི་སྤྱིའི་རིང་ཚད་ལ་སྤྱི་ལེ་4510ཟིན་པ་དང་མཚོ་ཆེ་ཆུང་230ལྷག་ཙམ་ཡོད། འཁྱགས་རོམ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་1600ཟིན་པ་དེས་རྒྱལ་ཡོངས་ཀྱི་འཁྱགས་རོམ་གྱི་རྒྱ་ཁྱོན་གྱི་བཅུ་ཆ་གཅིག་ཙམ་བཟུང་ཡོད། སྐྱེ་ཁམས་རིན་ཐང་མངོན་གསལ་དོད་ཅིང་། སྐྱེ་ཁམས་ཁོར་ཡུག་ཀྱང་ཧ་ཅང་ཉམས་ཞན་ཡིན། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྱོང་གི་ཆུ་རྩྭ་གསོ་ཁུལ་གལ་ཆེན་ཞིག་རེད། ཨ་མདོ་རྫོང་དྲག་ཆས་པུའུ་ལ་དཔོན་དམག་10ལས་མེད་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྟོབས་ཤུགས་གཅིག་སྒྲིལ་ཇི་ལྟར་བྱེད་པ་ནི། ཚང་མའི་ཞིབ་འཇུག་བྱ་གཞི་ཨང་དང་པོར་གྱུར་ཡོད། མ་གཞི་མི་གྲངས་ཉུང་ཉུང་ཡིན་མོད། འོན་ཀྱང་ཨ་མདོ་རྫོང་ལ་ད་དུང་རྐང་འཛིན་ཡུལ་དམག་480དང་ཡུལ་དམག་དཀྱུས་མ་500ཡོད་པ་མ་ཟད། ལས་བྱེད་པ་དང་མང་ཚོགས་ཁྲི་4ལྷག་ཙམ་ཡོད་པས། ཚང་མ་སྐུལ་སློང་གིས་དམག་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ན། སྒྲུབ་མི་ཐུབ་པའི་བྱ་བ་མེད་ལ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཉམ་ཤུགས་ཆེན་པོ་ཞིག་ལོས་ཆགས་ཐུབ།
དེར་བརྟེན། ཨ་མདོ་རྫོང་དྲག་ཆས་པུས་རྒྱ་ཆེའི་ཡུལ་དམག་ལ་ལོ་རེར་གསོ་སྦྱོང་ཐེངས་གཉིས་བྱེད་པའི་གོ་སྐབས་སྤྱད་དེ། ཡུལ་དམག་ཚོར་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སྒྲོག་འགྲེལ་གཏིང་ཟབ་བྱེད་པ་མ་ཟད། ཚང་མར་བོད་ལྗོངས་དང་ཐ་ན་རྒྱལ་ཡོངས་དང་འཛམ་གླིང་ཡོངས་སུ་གལ་འགངས་ཆེ་བའི་ཨ་མདོའི་སྐྱེ་ཁམས་སྲུང་བཅད་ནུས་པ་བརྗོད་པ་དང་ཆབས་ཅིག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་དང་། ཆུའི་ཐོན་ཁུངས་དང་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་གི་རྒྱུན་ཤེས། འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས། སྦགས་བཙོག་འགོག་བཅོས་ཀྱི་ཤེས་བྱ་སོགས་འགྲེལ་བཤད་རྒྱག་གི་ཡོད།
སྐོར་ཞིབ་སྲུང་སྐྱོང་བྱས་ནས་རི་ཀླུང“སྲུང་མཁན”ཞིག་བྱེད་པ།
ཨ་མདོ་ནི་གཙང་པོའི་ཆུ་འགོ་ཡིན་ལ། མཚོ་བོད་ལྕགས་ལམ་དང་། མཚོ་བོད་གཞུང་ལམ། གོར་མོ་དང་ལྷ་སའི་སྣུམ་འདྲེན་མདོང་ལམ། མཚོ་བོད་ཐད་རྒྱུག་དྲ་སྦྲེལ། ལན་ཀྲོའུ་དང་བོད་ཀྱི་འོད་སྐུད་བཅས“ཚེ་སྲོག་ལམ་ཐིག་ལྔ”ཨ་མདོའི་ས་ཁོངས་ཧྲིལ་པོར་ཁྱབ་པ་དང་། དུས་ཡུན་རིང་པོར་80%ཡན་གྱི་བོད་སྐྱོད་དངོས་ཟོག་དང་90%ཡན་གྱི་བོད་ནས་ཕྱིར་གཏོང་བྱེད་པའི་དངོས་ཟོག་སྐྱེལ་འདྲེན་གྱི་འགན་ཁུར་ཡོད། “ཚེ་སྲོག་གི་ལམ་ཐིག”བདེ་འཇགས་ཤར་བགྲོད་དང་སྐྱེ་ཁམས་བཟང་པོ་སྲུང་སྐྱོང་བྱེད་པ་ནི་ཨ་མདོའི་རྒྱ་ཆེའི་ལམ་སྲུང་ཡུལ་དམག་གི་འགན་འཁྲི་ཞིག་རེད།
མཚོ་བོད་ལྕགས་ལམ་སྐྲུན་པའི་སྐབས་སུ། ཨ་མདོ་རྫོང་གི་ལམ་སྲུང་ཡུལ་དམག་ཚོས་ཤང་དང་གྲོང་རྡལ་གྱིས་དབྱེ་བའི་འགན་འཁྲིའི་ས་ཁུལ་ལ་གཞིགས་ནས་ལྕགས་ལམ་བརྒྱུད་ཀྱི་སྤང་ཡིད་གཟབ་ངང་ཁྱིམ་དུ་རྩ་སྤོས་བརྒྱབ་ནས་ཉར་ཚགས་ཡག་པོ་བྱས་པ་དང་ལྕགས་ལམ་བསྐྲུན་རྗེས་སླར་ཡང་ཡིད་གཟབ་ངང་རང་སར་རྩ་སྤོས་བརྒྱབ་པ་མ་ཟད། ལྕགས་ལམ་དང་གཞུང་ལམ་རྒྱུད་དུ་ལམ་སྲུང་ཡུལ་དམག་བཞག་ཡོད། མེ་འཁོར་ས་ཆ་དེ་ནས་སྐྱོད་རིམ་བཞིན་ཡུལ་དམག་ཚོས་ཚད་ལྡན་གྱི་གུས་འདུད་ཞུ་གི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ཚུན། ཨ་མདོ་ལམ་དུམ་གྱི་ལམ་སྲུང་ཡུལ་དམག་ཚོས་ཉེན་ཁ་ཚབས་ཆེན་ཐེངས་མང་མེད་པར་་བཟོས་པ་མ་ཟད། ལོ་16རིང་མངའ་ཁོངས་སུ་མི་ཤི་རྨས་ཀྱི་ལས་འཛོལ་དང་། ཉེན་ཁའི་གྱོད་གཞི། དངོས་ཟོག་རྐུ་བའི་གྱོད་གཞི། རི་སྐྱེས་སྐྱེ་དངོས་དང་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་གྱོད་གཞི་གཅིག་ཀྱང་ཐོན་མྱོང་མེད་ལ། ལྕགས་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ཡོད།
སྲུང་སྐྱོང་རོགས་སྐྱོབ་བྱས་ནས་རང་བྱུང་སྣོད་བཅུད་ཀྱི“སྲུང་སྐྱོང་བ”ཡག་པོ་ཞིག་བྱེད་པ།
ཨ་མདོ་རྫོང་ནི་རི་སྐྱེས་སྲོག་ཆགས་ཀྱི་དག་ཞིང་ཁམས་ལྟ་བུ་རེད། སྐྱེ་དངོས་སྣ་ཁ་400ཙམ་དང་རི་སྐྱེས་སྲོག་ཆགས་སྣ་ཁ་153ཡོད་པའི་ནང་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིམ་པ་དང་པོའི་སྣ་ཁ་18དང་སྲུང་སྐྱོང་རིམ་པ་གཉིས་པའི་སྲོག་ཆགས་སྣ་ཁ་17ཡོད་པའི་མང་ཆེ་བ་ནི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དཔེར་ན། དྲེད་མོང་དང་། གསའ། གཙོད། ཁྲུང་ཁྲུང་སྐེ་ནག་སོགས་རེད། ཨ་མདོ་རྫོང་དྲག་ཆས་པུའི་དཔོན་དམག་དང་རྒྱ་ཆེའི་ཡུལ་དམག་ཚོས་རང་འགུལ་ངང་རང་བྱུང་སྣོད་བཅུད་ཀྱི“སྲུང་སྐྱོང་བའི”འགན་འཁྲི་འཁུར་བཞིན་མཆིས།
བོད་བྱང་ཐང་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་བྱ་ཆེད། ཨ་མདོ་རྫོང་དྲག་ཆས་པུས་ཕྱོགས་གཅིག་ནས་རྒྱ་ཆེའི་ཡུལ་དམག་དང་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་སྐུལ་སློང་བྱས་ཏེ་མཉམ་དུ་རྩྭ་ཐང་དུ་སྐོར་གཡེང་བྱས་ནས་ཁྲིམས་འགལ་བས་གངས་ལྷ་མེ་ཏོག་དང་སོ་ལོ་དམར་པོ་སོགས་རྩ་ཆེའི་སྐྱེ་དངོས་འཐུ་བ་དང་། གཙོད་དང་། དགོ་བ། རྐྱང་སོགས་རི་སྐྱེས་སྲོག་ཆགས་ལྐོག་རྔན་རྒྱག་པའི་བྱེད་སྤྱོད་བཀག་འགོག་བྱས་པ་མ་ཟད། རི་སྐྱེས་སྲོག་ཆགས་སྲུང་བཅད་ཀྱི་ལྕགས་དྲ་སྐོང་བ་དང་བདེ་འཇགས་འགྲོ་ལམ་བཟོས་ཡོད། ཕྱོགས་གཞན་ཞིག་ནས་མཐའ་སྒོར་གྲོང་ཚོའི་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་དམག་དམངས་མཉམ་འབྲེལ་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་བྱེད་བཞིན་ཡོད།
གངས་ལྗོངས་ས་མཐོའི་རང་བྱུང་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ཕུད། ཨ་མདོ་རྫོང་དྲག་ཆས་པུའི་དཔོན་དམག་ཚོས་ད་དུང“རང་ཉིད་ནས་འགོ་བཙུགས་ཏེ་ཁོར་ཡུག་སྲུང་སྐྱོང་བྱེད་པའི”བྱེད་སྒོ་ཧུར་ཐག་སྤེལ་བ་མ་ཟད། ལག་གཉིས་ལ་བརྟེན་ནས་ས་བབ་མཐོ་ཚད་སྨི་4700ཡོད་པའི་ཨ་མདོ་རྫོང་གྲོང་དུ“སྔོ་ལྗང་གི་སྒར་ས”བསྐྲུན་པ་དང་ས་སྟོང་དུ་ཉི་འོད་དྲོད་ཁང་དང་སྔོ་ཚལ་དྲོད་ཁང་བརྒྱབ་ནས་ལྗོན་ཤིང་དང་སྔོ་ཚལ་སྣ་ཚོགས་བཏབ་སྟེ་གངས་འཁྱགས་ཀྱི་ས་མཐོ་སྔོ་ལྗང་གིས་རབ་ཏུ་བརྒྱན།