དགུན་དུས་བོད་དུ་ཡུལ་སྐོར་བྱས་ནས་ཡུལ་ལྗོངས་མཛེས་ཤོས་ལ་ལྟ་བ།
ཟླ་1ཚེས་1ཉིན་ནས་ཟླ་3ཚེས་15ཉིན་བར་བོད་ཀྱིས་རེས་སྐོར་ལྔ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་ཞིང་། མཛེས་ལྗོངས་ཁུལ་གྱི“བྲིན་འཚོང”དང་། སྒོ་འཛིན་ཆག་ཡང་དང་རྩ་ཆག་གཏོང་བ། མགྲོན་ཁང་དང་དམངས་སྲོལ་གནས་ཚང་གི་གཟིགས་སྐྱོང་སོགས་རིག་གནས་དང་ཡུལ་སྐོར་གྱི་དམངས་ཕན་བྱེད་ཐབས་བརྒྱུད། བོད་ཀྱི་ཡུལ་སྐོར་འཛད་སྤྱོད་དགོས་མཁོ་མགྱོགས་མྱུར་འཕར་བ་རེད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དེ“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་གྱི་དུས་ཚོད་ནང་ཚུད་ཡོད་པས་ས་གནས་དེ་གའི་མང་ཚོགས་ཕུད། ཡུལ་གཞན་གྱི་ཡུལ་སྐོར་བ་མང་པོ་ཞིག་གིས་གོ་སྐབས་དེ་དང་བསྟུན་ནས་བོད་དུ་ཡུལ་སྐོར་དུ་ཡོང་སྟེ“དངུལ་ཉུང་ཤོས་བཏང་ནས་ཡུལ་ལྗོངས་མཛེས་ཤོས་ལ་ལྟ་བའི”གོ་སྐབས་དམ་འཛིན་གྱིས་གངས་ལྗོངས་ཀྱི་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་ཡོད།
ཉིན་ཤས་གོང་བོད་ལྗོངས་གཞིས་རྩེས་ཇོ་མོ་གླང་མའི་ཡུལ་སྐོར་ལམ་ཐིག་བརྗོད་དོན་གཙོ་བོར་བྱས་པའི་ཡུལ་སྐོར་ཐོན་རྫས་རབ་དང་རིམ་པ་བཏོན་ཞིང་། ས་བབ་མཐོ་ཚད་སྨི་5200ཟིན་པའི་གཞིས་རྩེའི་ཇོ་མོ་གླང་མའི་སྒར་ས་ཆེ་མོར་ཡུལ་སྐོར་བ་མང་པོས་ཇོ་མོ་གླང་མའི་བརྗིད་ཆེའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་ཀྱི་ཡོད། ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་སྐལ་བཟང་གིས“ཇོ་མོ་གླང་མའི་ལྟེ་བའི་མཛེས་ལྗོངས་ཁུལ་གྱི་ཁྲིམས་འཛིན་ཚན་པ་འབའ་ཞིག་ཡིན་པའི་མངགས་གཏོང་ཁང་གིས་ཞིང་ཆེན་སྒྲོལ་ནས་ཡུལ་སྐོར་བྱ་རྒྱུ་སླར་གསོ་བྱུང་རྗེས་ཉིན་ལྟར་ཡུལ་སྐོར་བ་600ཙམ་ལ་ཞིབ་བཤེར་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།
ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས་ཞབས་ཞུའི་སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཞིང་། ཡུལ་སྐོར་བས་མཐའ་མཚམས་ས་ཁུལ་དུ་དངོས་འབྲེལ་བདེ་འཇགས་ཚོར་ཐུབ་ཆེད། མངགས་གཏོང་ཁང་གིས་ཉེན་དོན་ལས་དོན་དེ་མདུན་ཕྱོགས་སུ་སྤེལ་ནས་ཡུལ་སྐོར་བའི་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ཏེ་ཆར་གདུགས་དང་། ཆུ་ཚ་པོ། གསོ་རླུང་། ཁ་རས། སྨན་རྫས་སོགས་མཁོ་འདོན་བྱས་ནས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བར་ལྗོངས་ཕྱིའི་མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ཐོབ་ཐང་ལོངས་སྤྱོད་གང་ལེགས་ཐུབ་པར་བྱས་པ་རེད།
དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་མུ་མཐུད་འཕྱུར་བར་བྱ་ཆེད། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ཞིང་། ཉིང་ཁྲིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ནས་ཁམ་བུའི་མེ་ཏོག་དུས་ཆེན་དང་ཟུང་འབྲེལ་བྱས་ཏེ་སྤྲོ་གསེང་དང་། སྐྱེ་ཁམས་ཞིང་ལས་ལྟ་སྐོར། དམངས་སྲོལ་གོམས་གཤིས་མྱོང་རོལ། ལུས་གསོའི་ཞབས་ཞུ་སོགས་རིགས་མི་འདྲ་བའི་ཡུལ་སྐོར་ཐོན་རྫས་མུ་མཐུད་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ལྷ་ས་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ས་ཁོངས་ཡོངས་དང་དུས་སྐབས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་རྒྱུན་མཐུད་ངང་མགྱོགས་སུ་བཏང་ནས“ཁྱད་ལྡན་དང་། རྩེ་གྲ སྤུས་ལེགས”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམིགས་ཏེ་བརྒྱུད་རིམ་ཧྲིལ་པོའི་ཡུལ་སྐོར་ཐོན་རྫས་མ་ལག་གཏོད་པའི་འདུ་འགོད་ལག་ལེན་བསྟར་ནས། རིག་ལྡན་ཡུལ་སྐོར་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི“དུས་ཆེན་གཉིས”རིང་། བོད་ཀྱི་ཡུལ་སྐོར་འགྲོ་སྐྱོད་ཁྲོམ་རར“འབོར་གྲངས་དང་རིན་གོང་མཉམ་འཕར”གྱི་རྣམ་པ་ཐོན་ནས་གནམ་གྲུའི་སྤ་སེ་དང་མགྲོན་ཁང་སྔོན་མངགས་བྱེད་ཚད་ཆེས་ཆེར་འཕར་ཡོད་པ་རེད། དཔྱིད་གསར་དུས་ཆེན་རིང་བོད་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་51.02ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་3.68བྱུང་བ་དེ་དུས་མཚུངས་ལས་16.4%དང་16.83%སོ་སོར་འཕར་ཡོད་པ་རེད།