དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་འགྱུར་ལས་ལ་བརྩོན། སྐྱེ་ཁམས་རྨང་གཞི་བརྟན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-25

    ཉེ་བའི་ལོ་ཤས་རིང་སྣེ་གདོང་ཆུས་ཀྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་། ནགས་ལས་ཀྱི་གནོད་འཚེའི་སྐྱེ་དངོས་འགོག་བཅོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་ནགས་དཔོན་ལམ་ལུགས། སྐྱེ་ཁམས་ཁོར་ཡུག་སླར་གསོ་སོགས་ཀྱི་ལས་དོན་ལ་དམ་པོར་དམིགས་ནས་སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་རེད

    ཤིང་འཛུགས་ནགས་བཟོའི་ལས་ལ་འབད།

    དབྱར་ཁ་འཆར་རིམ་བཞིན་སྔོ་ཐིང་ངེར་གནས་པའི་ཡར་ཀླུང་གཙང་པོའི་ངོགས་སུ་སྔོ་ལྗང་བར་ཁྱམས་ཀྱི་མཛེས་ལྗོངས་ཤིག་ཏུ་གྲུབ་ཡོད། སྔོན་མ་དེ་གར་གྲམ་ཐང་དང་བྱེ་ཐང་མ་གཏོགས་མཐོང་རྒྱུ་མེད། ད་ཆ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ནི་མི་རབས་ནས་མི་རབས་བར་ཤིང་འཛུགས་ནགས་བཟོ་བྱེད་མཁན་ཚོའི་དཀའ་སྤྱད་རྔུལ་ཆུ་དང་ཁ་འབྲལ་ཐབས་མེད། སྣེ་གདོང་ཆུས་སྤྱིན་ཀླུ་སྡེ་ཁུལ་གྱི་གྲོང་མི་ཟླ་བ་དངོས་གྲུབ་དང་ཁོང་གི་ཕ་ཟླ་བ་རྒྱལ་མཚན་ནི་ཤིང་འཛུགས་ནགས་བཟོ་བྱེད་མཁན་ཚོའི་དཔང་པོ་ཞིག་རེད། “ད་ཆ་དབྱར་ཁ་ཤར་རིམ་བཞིན་གཙང་པོའི་ངོགས་གཉིས་སྔོ་ཐིང་ཐིང་དུ་གྱུར་ཅིང་། སྔོན་མ་ཡར་ཀླུང་གཙང་འགྲམ་གྱི་ངོགས་གཉིས་སྐྱ་ཐེར་ཐེར་རེད་ལ། ལོ་40ཡི་གོང་ད་དུང་གང་སར་བྱེ་ཕུང་གིས་ཁེངས་པས། ལྷགས་པ་ཆེན་པོ་བརྒྱབ་དུས་བྱེ་མ་གང་སར་ཁྱེར་བ་དང་སྐབས་འགར་ཆུ་ལམ་ཡང་འགག་གི་ཡོད”ཅེས་ཟླ་བ་དངོས་གྲུབ་ཀྱིས་དྲན་གསོ་བྱེད་བཞིན་བཤད།

    ཤིང་འཛུགས་ནགས་བཟོ་ལོ་40ལྷག་ཙམ་བྱས་པ་བརྒྱུད་སྣེ་གདོང་དུ་སྔོ་ལྗང་གི་བར་ཁྱམས་ཤིག་གྲུབ་ནས་ནགས་ཚལ་ཁྱབ་ཚད་35%ཟིན་ཡོད། 2022ལོར་སྣེ་གདོང་ཆུས་ཀྱིས་འོས་འགན་ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་0.12དང་། ཁ་གསབ་ནགས་བཟོ་མུའུ་ཁྲི2 རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཉམས་གསོ་མུའུ་ཁྲི་3.78 སྐྱེ་ཁམས་ནགས་ཚལ་སླར་གསོ་མུའུ་ཁྲི་0.4 རི་རྒྱ་ནགས་གསོ་མུའུ་ཁྲི་1.2བཅས་བྱས་པ། བྱེ་ཐང་ཅན་བཅོས་སྐྱོང་འདུ་འགོད་ལག་བསྟར་བྱས་ནས་བྱེ་མ་མུའུ་ཁྲི་0.23བཅོས་སྐྱོང་དང་། རྩྭ་ཐང་མུའུ་ཁྲི་2ལེགས་གཏོང་། རྩྭ་མུའུ་ཁྲི་5བཏབ་པ་བཅས་བྱས་ཡོད།

    སྔོ་ལྗང་གིས་བརྒྱན་པའི་ཡར་ཀླུང་གཙང་འགྲམ་ངོགས་སུ། སྣེ་གདོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བསྐྲུན་པའི་སྔོ་ལྗང་གི་སྐྱེ་ཁམས་ཁོར་ཡུག་སྲུང་བཅད་ལས་ད་ཆ་ཤྭ་བ་དང་། གནའ་བ། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་འཚོ་གནས་བྱེད་སར་གྱུར་ཡོད།

    སྔོ་ལྗང་རི་ཀླུང་བརྟན་པོར་བསྲུངས།

    ཤིང་འཛུགས་ནགས་བཟོ་བྱེད་རྒྱུ་དེ་གལ་ཆེ་ལ། སྲུང་སྐྱོང་བྱ་རྒྱུ་དེ་བས་ཀྱང་གལ་འགངས་ཆེ།

    “ཤིང་གཅོད་མཁན”ནས“སྔོ་ལྗང་སྲུང་མཁན”ལ་གྱུར་ཅིང་། ཉེ་བའི་ལོ་ཤས་རིང་སྣེ་གདོང་ཆུས་སོ་དྲུག་ཤང་འབྲི་སྒང་གྲོང་ཚོའི་གྲོང་མིའི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ནས་གྲོང་མི་རྣམས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་ལ་གྱུར་ཡོད།

    འབྲི་སྒང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ཆོས་འཕེལ་གྱིས་གསར་འགོད་པར། ཉེ་བའི་ལོ་ཤས་རིང་། འབྲི་སྒང་གྲོང་ཚོས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་ཕྱོགས་བསྡུས་བཅོས་སྐྱོང་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་བྱས་ཡོད། དེ་དང་ཆབས་ཅིག་སྔ་རྗེས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་གནས་57བཏོད་པ་མ་ཟད། ནགས་སྲུང་བའི་ལས་གནས་ཀྱང་བཏོད་ཁར། འགན་འཁྲིའི་ལས་བགོས་ཁ་གསལ་བཟོས་པས། གྲོང་མི་མང་པོ་ཞིག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་དུ་གྱུར་ནས་སྐྱེ་ཁམས་ལ་བརྟེན་ཏེ་ཕྱུག་འགྱུར་ལམ་བུར་བསྐྱོད།

    འགྱུར་ལྡོག་དེ་དག་ནི་སྣེ་གདོང་ཆུས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་ཕྱིན་པའི་བསྡུས་རིས་ཤིག་རེད་ལ། སྣེ་གདོང་ཆུས་སུ་ནགས་ཚལ་སྲུང་སྐྱོང་གི་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྔོ་ལྗང་སྲུང་སྐྱོང་ཐད་སྣེ་གདོང་ཆུས་ཀྱིས་ནགས་དཔོན་ལམ་ལུགས་ལག་བསྟར་ལ་སྐུལ་འདེད་བཏང་བ་དང་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་མཉམ་འབྲེལ་ཐོག《སྣེ་གདོང་ཆུས་ཀྱི་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལག་བསྟར་ཇུས་གཞི》དང《སྣེ་གདོང་ཆུས་ཀྱི་ནགས་དཔོན་བཀའ་རྒྱའི་ལམ་ལུགས》སོགས་ལམ་ལུཌ་ཁག་7དང་དཔྱད་ཞིབ་བྱ་ཐབས་ཁག་3བཟོས་ནས་བཀྲམ་པ་རེད།

    2022ལོར་རིམ་ཁག་ནགས་དཔོན་ཚོས་རང་འགན་གཙང་སྒྲུབ་ཀྱིས་རང་འགུལ་ངང་འགན་འཁྲིའི་ཡུག་ཁུལ་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ལྟ་ཞིབ་དང་། སྙན་སེང་ཉན་པ། བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ནགས་ཚལ་སྐོར་ཞིབ་ལས་དོན་ནན་ཏན་བསྒྲུབས་པ་དང་རིམ་ཁག་ནགས་དཔོན་གྱིས་ནགས་ཚལ་དུ་སྐོར་གཡེང་ཐེངས་1590བྱས་ཡོད།

    སྔོ་ལྗང་སྲུང་སྐྱོང་འགན་ལེན་བྱས།

    ས་མཐོར་རི་སྔོ་ཆུ་དྭངས་ཡོང་བ་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན་ལ། རྒྱུན་འཁྱོངས་བྱ་རྒྱུ་དེ་ཡང་དེ་བས་ལས་སླ་པོ་ཞིག་མིན། སྣེ་གདོང་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ནན་བཤད་གནང་བའི་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཤེས་དཔལ་དར་རྒྱས་ཡོང་བ་དེ་སྔར་ལས་མངོན་གསལ་དོད་པའི་གནས་སུ་བཞག་ཅིང་། ས་མཐོའི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱས་ནས། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད། རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་གཙུག་རྒྱན་དུ་བྱེད་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ཡོད།

    སྣེ་གདོང་ཆུས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་མིག་དམར་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། “སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྔར་བས་མདུན་གྲལ་དུ་སླེབས་པར་སྐུལ་འདེད་གཏོང་ཆེད། 2022ལོར་སྣེ་གདོང་ཆུས་ཀྱིས་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་མ་ལག་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ཡོད།

    སྔོ་ལྗང་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་སྣེ་གདོང་ཆུས་ཀྱིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི“མཛེས་སྡུག་ཆེན་པོ་བཅུའི”བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བས་གྲོང་གསེབ་ཀྱི་རྣམ་པ་དེ་བས་སྐྱིད་སྣང་དོད་པར་གྱུར་ཡོད། 2022ལོར་སྣེ་གདོང་ཆུས་ཀྱིས་གྲུབ་འབྲས་ཐོབ་པའི་ངང་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་གྲོང་ཚོ་10བཏོད་ཡོད།

    དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྣེ་གདོང་ཆུས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་རང་འགུལ་ངང་བྱས་རྗེས་བཞག་པ་མ་ཟད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དོན་འཁྱོལ་དང་། མདུན་གྲལ་དུ་སླེབས་པ། གདོང་ལེན་དམག་ཡག་པོ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་ཆེད་སྣེ་གདོང་གི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།