དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • གོམ་ཞེང་ཆེན་པོས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ཚན་རིག་ཞིབ་འཇུག་གི་མཐོ་སར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2023-02-10

    མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག སའི་གོ་ལའི་སྣེ་གསུམ་པ་བཅས་ཡིན་པ་དང་། ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་བོད་ལ་དམིགས་བསལ་གྱི་སྐྱེ་ཁམས་ཁོར་ཡུག་ལྡན་ཡོད་པས། ཀྲུང་གོ་དང་ཐ་ན་འཛམ་གླིང་ཐོག་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། “སྣེ་གསུམ་པའི”མཚོ་བོད་ས་མཐོའི་དབུས་སུ་གནས་པའི་བོད་ལྗོངས་སློབ་ཆེན་ལ་སྐྱེ་ཁམས་རིག་པའི་ཞིབ་འཇུག་ཐད་དམིགས་བསལ་གྱི་ས་བབ་ལེགས་ཆ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སློབ་ཆེན་གྱིས་རིག་ཚན་མང་པོའི་སྟོབས་ཤུགས་བསྡུས་ནས“རྩེ་གྲ་གཉིས”ཀྱི་འཛུགས་སྐྱོང་ལ་དམིགས་པ་དང་སློབ་གཉེར་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། གོམ་ཞེང་ཆེན་པོས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ཚན་རིག་ཞིབ་འཇུག་གི་མཐོ་སར་བསྐྱོད་ཡོད།

    སྐྱེ་ཁམས་རིག་ཚན་གྱི་དངོས་གཞི་དང་རབ་འབྱམས་པ་དང་འབུམ་རམས་པ་གསོ་སྐྱོང་གི་མ་ལག་གྲུབ་པ།

    ལོ་བཞི་བཅུ་ལྷག་ཙམ་གྱི་འཚོལ་ཞིབ་ལམ་བུ་ནི་བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་ཚན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡིན་ཞིང་། 2011ལོར་སྐྱེ་དངོས་ཚན་རིག་ཆེད་ལས་འཛིན་གྲྭ་ནས་ཚེ་སྲོག་ཚན་རིག་ཚན་ཁག་ལ་སྐྱེ་དངོས་རིག་པའི་རིག་ཚན་གྱི་རབ་འབྱམས་པའི་སློབ་གནས་ཀྱི་ཞིབ་འཇུག་སློབ་མའི་སློབ་བསྡུའི་ཐོབ་ཐང་རག་པ་དང་། 2013ལོར་སྐྱེ་ཁམས་རིག་པའི་འབུམ་རམས་པའི་སློབ་གནས་སྤྲོད་དབང་ཐོབ་པ། 2017ལོར་སྐྱེ་ཁམས་རིག་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་གསར་དུ་འཛུགས་རྒྱུའི་ཆོག་མཆན་ཐོབ་ཡོད། ལོ་དེའི་ནང་བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་པ་དེ་རེས་སྐོར་དང་པོའི་རྒྱལ་ཁབ་ཀྱི་རིག་ཚན་རྩེ་གྲ་འཛུགས་སྐྱོང་གི་གྲས་སུ་ཚུད་པ་དང་། 2022ལོར་རེས་སྐོར་གཉིས་པའི“རྩེ་གྲ་གཉིས”འཛུགས་སྐྱོང་གི་མཐོ་སློབ་དང་དེ་བཞིན་རིག་ཚན་འཛུགས་སྐྱོང་གི་མིང་ཐོའི་ནང་སླར་ཡང་ཚུད་པ་དེའང་བོད་ཀྱི“རྩེ་གྲ་གཉིས”ཀྱི་འཐབ་ཇུས་གལ་ཆེན་ནང་བདམས་པའི་རིག་ཚན་འབའ་ཞིག་དེ་རེད།

    མིག་སྔར་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་ལ་སྐྱེ་ཁམས་རིག་པའི་རིག་ཚན་རིམ་པ་དང་པོའི་འབུམ་རམས་ས་ཚིགས་དང་། རིག་ཚན་རིམ་པ་དང་པོའི་རབ་འབྱམས་ས་ཚིགས་3 དངོས་གཞིའི་ཚན་ཁག་གི་ཆེད་ལས་6བཅས་ཡོད་པས་དངོས་གཞི་དང་འབུམ་རམས་པའི་སློབ་གནས་ཆ་ཚང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་གྲུབ་ཡོད།

    བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཝང་ཀྲུང་གིས། བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་བཙུགས་པ་དེས། བོད་ལྗོངས་སློབ་ཆེན་གྱིས་ས་མཐོའི་སྐྱེ་ཁམས་རིག་པའི་ཁྱད་ཆོས་མངོན་པ་དང་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་རིག་པའི་ཞིབ་འཇུག་གི་འགྲན་རྩོད་ནང་ཧུར་ཐག་ཞུགས་རྒྱུར་ཕན་ཐོགས་ཡོད། “ཆ་རྐྱེན་ཧུར་ཐག་བསྐྲུན་ཏེ་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་དང་ན་གཞོན་ཤེས་ལྡན་མི་སྣ་དེ་བས་མང་བ་བོད་ལྗོངས་སློབ་ཆེན་དུ་ཡོང་ནས་ས་མཐོའི་སྐྱེ་ཁམས་རིག་ཚན་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ང་ཚོའི་སློབ་གྲྭའི་སྐྱེ་ཁམས་རིག་ཚན་གྱི་འགྲན་རྩོད་ནུས་པ་དང་གསར་གཏོད་ནུས་པ་ཆེ་རུ་གཏོང་གི་ཡིན”ཞེས་བཤད།

    “རྩེ་གྲ་གཉིས”ཀྱི་སྐྱེ་ཁམས་རིག་ཚན་འཛུགས་སྐྱོང་གི་རྨང་གཞི་ལེགས་སུ་གཏོང་རྒྱུར་དམིགས་པ།

    “བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་ཚན་འཛུགས་སྐྱོང་ཐད་སྐུ་གཤེགས་ཟིན་པའི་དགེ་རྒན་ཆེ་མོ་བ་ཀྲུང་ཡང་ནི་རྨང་གཞི་འདིང་མཁན་ཞིག་ཡིན་པས། ཁོང་གིས་བསུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད”ཅེས་ཝང་ཀྲུང་གིས་བཤད།

    བོད་སྐྱོར་དགེ་རྒན་ཞིག་ཡིན་པའི་ཀྲུང་ཡང་གིས་ལོ་16རིང་གི་བོད་སྐྱོར་འཚོ་བའི་ནང་བོད་ལ་རྩི་ཤིང་རིག་པའི་འབུམ་རམས་པའི་ན་གཞོན་དགེ་རྒན་དང་པོ་གསོ་སྐྱོང་བྱས་པ་དང་། བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་པའི་འབུམ་རམས་ས་ཚིགས་ལ་སློབ་གསོ་པུའུ་ཡི་ཞིབ་བཤེར་རྩིས་ལེན་བྱེད་རོགས་བྱས་པ། ཁོང་གི་དུས་སུ་སྐྱེ་ཁམས་རིག་པའི་རིག་ཚན་དེ་རྒྱལ་ཁབ་ཀྱི་རིག་ཚན་རྩེ་གྲའི་གྲས་སུ་ཚུད་ཡོད།

    ལྷག་ཆུང་ནི་ཀྲུང་ཡང་གིས་གསོ་སྐྱོང་བྱས་པའི་འབུམ་རམས་པ་གསུམ་གྱི་གྲས་ཤིག་རེད། ཀྲུང་ཡང་གི་སྣེ་ཁྲིད་འོག་ལྷག་ཆུང་དང་དེའི་ཚོགས་པས་2007ལོ་ནས་2017ལོའི་བར་བོད་དུ་ཁྱོན་རྩི་ཤིང་རིགས་སྟོང་ཕྲག་གི་ས་བོན་ཁྲི་4000འཚོལ་བསྡུ་བྱས་པ་དེས་ས་བོན་ཐོན་ཁུངས་མཛོད་ནང་བོད་ཀྱི་ས་བོན་དཀོན་པའི་སྟོང་ཆ་གསབ་ནས་མི་རབས་རྗེས་མར་རྒྱུན་འཛིན་བྱེད་པའི“གཞི་རྒྱུའི་བང་མཛོད”བསགས་ཡོད། དེའི་རྗེས་སུ་ལྷག་ཆུང་དང་དེའི་ཚོགས་པས་བོད་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་དང་པོ་དེ་བསྐྲུན་པ་དང་མིག་སྔར་མཛོད་ཉར་བྱས་པའི་བོད་ཀྱི་རི་སྐྱེས་སྐྱེ་དངོས་སོན་རྒྱུའི་ཐོན་ཁུངས་ཀྱི་དངོས་དཔེ་388དང་སོན་རྒྱུའི་ཐོན་ཁུངས་3877ཡོད་པ་རེད།

    རིག་ཚན་རྩེ་གྲ་འཛུགས་སྐྱོང་བྱེད་འགོ་བཙུགས་པ་ནས་བཟུང་། བོད་ལྗོངས་སློབ་ཆེན་གྱིས་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། ལོ་ཤས་གོང“དགེ་རྒན་ཆེ་མོ་བ་ཀྲོའུ་ཡུང་ཧུང་ནི་རང་རེའི་སློབ་གྲྭས་ཕྱི་རྒྱལ་ནས་གདན་དྲངས་པའི་མཐོ་རིམ་ཤེས་ལྡན་མི་སྣ་ཞིག་ཡིན་ལ། སྐྱེ་ཁམས་རིག་པའི་རིག་ཚན་གྱི་སྣེ་ཁྲིད་པ་ཞིག་ཀྱང་ཡིན” ཝང་ཀྲུང་གིས་ངོ་སྤྲོད་བྱས་དོན། ཀྲུང་དབྱང་རྩ་འཛུགས་པུའུ་དང་སློབ་གསོ་པུའི་ཚོགས་སྒྲིག་རྣམ་པའི་རིག་ནུས་བོད་སྐྱོར་གྱི་དུས་ཡུན་རིང་པོའི་རྒྱབ་སྐྱོར་འོག བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་པའི་རིག་ཚན་དེ་ས་གནས་དེ་གའི་ཤེས་ལྡན་མི་སྣ་རྨང་གཞིར་བྱེད་པ་དང་བོད་སྐྱོར་ཤེས་ལྡན་མི་སྣས་འདེགས་སྐྱོར་བྱེད་པའི་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཅིག་གྲུབ་ཡོད། སློབ་གྲྭས་ད་དུང་སློབ་གསོ་པུའི་ཚོགས་སྒྲིག་རྣམ་པས་བོད་ལྗོངས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐོན་ཁུངས་ལེགས་ཆ་སྤྱད་དེ་མཐོ་སློབ་ལ་རོགས་སྐྱོར་དང་སློབ་གླིང་དང་མཉམ་ལས་བྱས་ནས་དངོས་གཞིའི་ཚན་ཁག་གི་སློབ་མ་དང་ཞིབ་འཇུག་སློབ་མ་མཉམ་འབྲེལ་ཐོག་གསོ་སྐྱོང་བྱེད་པའི་རྣམ་པ་གསར་པ་བཏོད་ཡོད།

    སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་ཚན་རིག་ཞིབ་འཇུག་གི་མཐོ་ས་ཧུར་ཐག་གཏོད་པ།

    2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲིའི་ཉང་ཆུ་ཟམ་ཆེན་དུ་རྟོག་ཞིབ་གནང་སྐབས། སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས། གཙང་པོ་དང་ཆུ་བོ་གཙོ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན། ཆུའི་ཐོན་ཁུངས་ལུགས་མཐུན་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་ལ་སྤྱི་འདོམས་བཅས་བྱས་ནས་འདི་གའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་ཡོད།

    ལོ་དེར་བོད་ལྗོངས་སློབ་ཆེན་གྱིས་སྣེ་འཁྲིད་པའི“བོད་ཀྱི་ཡར་ཉང་འདམ་རའི་སྐྱེ་ཁམས་མ་ལག་ངེས་གནས་ཀྱི་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས”བདེ་བླག་ངང་བསྐྲུན་ཡོད།

    “ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་བཙུགས་པ་དེས་མིག་སྔར་བོད་ཀྱི་རྒྱལ་ཁབ་རིམ་པའི་འདམ་རའི་སྐྱེ་ཁམས་མ་ལག་ལ་དུས་ཡུན་རིང་པོ་ལྟ་ཞིབ་ཚད་ལེན་ས་ཚིགས་མེད་པའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་སྐྱེ་ཁམས་གཙོ་ནུས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཚན་རིག་གི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད”ཅེས་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ལིའུ་དབྱི་ཤོན་གྱིས་བཤད།

    བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཞའོ་ཀྲང་ཅིན་ཡུང་པིང་གིས། བོད་ལྗོངས་སློབ་ཆེན་གྱི་སྤུས་རྟགས་རིག་ཚན་ཞིག་ཡིན་པའི་བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་པའི་རིག་ཚན་རྩེ་གྲ་འཛུགས་སྐྱོང་བྱེད་པ་དེ་ས་མཐོར་གཞི་ཚུགས་པ་དང་ས་མཐོར་འབུར་དུ་ཐོན་པ་བྱས་ནས། རིག་ཚན་འཛུགས་སྐྱོང་ཁྲོད་མཚོ་བོད་ས་མཐོའི་སྐྱེ་ཁམས་འཛུགས་སྐྱོང་གི་དགོས་མཁོ་གལ་ཆེན་དང་འགག་རྩའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་པ་དང་འབྲེལ། མཚོ་བོད་ས་མཐོའི་ཁོར་ཡུག་ཞན་པའི་འོག་སྐྱེ་ཁམས་ཁོར་ཡུག་གི་ཚན་རིག་གནད་དོན་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་གསལ་དོད་དུ་ཕྱིན་ཡོད། ཁོང་གིས“འབྱུང་འགྱུར་བོད་ལྗོངས་སློབ་ཆེན་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་བྱ་ཐབས་སྣ་ཚོགས་མཉམ་སྤྱོད་ཀྱིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཤེས་ལྡན་མི་སྣ་འགུགས་ཐབས་བྱེད་ཀྱི་ཡིན། ཚན་རིག་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་གཏོང་བ་དང་དུས་མཚུངས་བོད་ལ‘བློས་འགེལ་ཐུབ་པ་དང་། སེམས་གནས་ཐུབ་པ། གོ་ཆོད་པའི’སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཧུར་ཐག་བྱས་ནས། འཛམ་གླིང་གི་སྣེ་གསུམ་པའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཆེད་ཚན་རྩལ་གྱི་འདེགས་སྐྱོར་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།