དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 2022ལོར་ལྷ་སའི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-02-08

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱུང་བར། 2022ལོར་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་ཉིན་364བྱས་པའི་ནང་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ཧ་ཅང་བཟང་བའི་ཉིན་202དང་བཟང་བའི་ཉིན་162ཟིན་ཏེ་བཟང་ཚད་99.7%ཟིན་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    2022ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་དགུང་སྔོན་དང་། ཆུ་གཙང་། ས་གཙང་བཅས་སྲུང་སྐྱོང་གི་དམག་འཐབ་ཡག་པོ་བརྒྱབ་ནས་ལྷ་སའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད། དགུང་སྔོན་སྲུང་སྐྱོང་གི་དམག་འཐབ་ཐད་ལྷ་ས་གྲོང་ཁྱེར་གྱིས་སྦགས་བཙོག་ཆེ་བའི་འབུད་རྫས་སྤྱོད་མི་ཆོག་པའི་ཁུལ་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་། རླངས་སྒྱུར་ཏུན་35མན་གྱི་རྡོ་སོལ་ཁྲོ་ཐབ་གཅིག་ལའང་ཞིབ་མཆན་བཀོད་མེད་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ཞིབ་དཔྱད་ཚད་ལེན་ལ་དོ་དམ་ནན་པོ་བྱེད་པ། ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་བཙོག་འབུད་ལྟ་འདོམས་ལས་སྟེགས(དུས་ཐེངས་དང་པོ)བསྐྲུན་པ་དང་འབྲེལ་བོད་རང་སྐྱོང་ལྗོངས་ཀྱི་ལྟ་འདོམས་ལས་སྟེགས་དང་དྲ་སྦྲེལ་བྱས་ནས་རིམ་གསུམ་དྲ་སྦྲེལ་ཐུབ་པ། ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་གཏན་འཇགས་རྣམ་པའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལས་སྟེགས(དུས་ཐེངས་དང་པོ)བསྐྲུན་པ། གྲོང་ཁྱེར་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་འབུད་གཏོང་ཞིབ་བཤེར་སྒྲིག་གཞི་11ལ་ཚད་ལྡན་ཅན་གྱི་ལྟ་སྐུལ་ཞིབ་བཤེར་བྱས་པ། གྲོང་ཁྱེར་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཐེངས་150864ལ་མཇུག་རླངས་ཞིབ་དཔྱད་བྱས་པ་དང་ཐོག་མའི་ཞིབ་དཔྱད་ཚད་ལོན་ཚད་92.4%ཟིན་ཡོད་པ་རེད།

    ཆུ་གཙང་སྲུང་སྐྱོང་བྱེད་པའི་དམག་འཐབ་ཐད། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་འདོམས་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། གཙང་པོར་བཙོག་འབུད་བྱེད་སར་བཅོས་སྒྲིག་ཚད་ལྡན་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་གྲོང་ཁྱེར་ཡོངས་ཀྱི་གཙང་པོར་བཙོག་འབུད་བྱེད་ས་243ནས་233ལ་བཅོས་སྒྲིག་བྱས་པ་དང་། འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཆུ་སྤུས་ལྟ་ཞིབ་ཚད་ལེན་དང་ཁྲིམས་འཛིན་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།