དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་51.02ལ་སྣེ་ལེན་ཞུས་པ།
ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། དཔྱིད་གསར་དུས་ཆེན་གྱི་ངལ་གསོ(ཟླ་1ཚེས་21ཉིན་ནས་ཟླ་1ཚེས་27ཉིན་བར)རིང་བོད་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་51.02ལ་སྣེ་ལེན་ཞུས་པ་དུས་མཚུངས་ལས་16.4%འཕར་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་3.68བྱུང་བ་དུས་མཚུངས་ལས་16.83%འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་2023ལོའི་ཟླ་1ཚེས་1ཉིན་ནས་ཟླ་3ཚེས་15ཉིན་བར་རེས་སྐོར་ལྔ་པའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད”པའི་ཁྲོམ་རའི་སྐུལ་འདེད་བྱ་དགའ(ཁ་གསབ)གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པ་དང་། དེའི་རིང་ཡུལ་སྐོར་བས“ཟ་སྡོད་འགྲོ་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་ལ་གཟིགས་སྐྱོང་མང་པོ་ལོངས་སྤྱོད་ཐུབ་ཀྱི་ཡོད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས“དགུན་དུས་བོད་ལ་ཡུལ་སྐོར་བྱེད”པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པའི་དུས་མཚམས་ཀྱི་ནང་དུ་ཚུད་ཡོད་སྟབས། ཡུལ་སྐོར་བ་མི་ཉུང་བ་གོ་སྐབས་དེ་དང་བསྟུན་ནས་བོད་ལ་ཡོང་སྟེ་དགུན་དུས་ཀྱི་དྲོ་འཇམ་ཉི་འོད་དང་གངས་ལྗོངས་ཀྱི་མཛེས་ལྗོངས་ཉམས་སུ་མྱང་ཆོག་ལ། མི་རིགས་རིག་གནས་ཀྱི་ངོ་མཚར་ཉམས་ལེན་བྱེད་ཞོར་དུ་བོད་ཀྱི་ལོ་གསར་ཡང་མཉམ་དུ་གཏང་ཆོག
རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ཟླ་དང་པོ་ནས་བཟུང་རང་ལྗོངས་ཀྱིས་ཡུལ་སྐོར་ལམ་ཐིག་སྐོར་བའི་འཚམས་འདྲིའི་བྱེད་སྒོ་སྣ་ཚོགས་རྒྱུན་མཐུད་སྒྲིག་འཛུགས་བྱས་ནས་སྤེལ་བ་མ་ཟད། ལྗོངས་ཕྱིར་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་སྤེལ་བར་སྐྱོད་ཀྱི་ཡོད། དེ་དང་ཆབས་ཅིག་འཁྱག་རོམ་ལ་ལྟ་བ་དང་མཚོ་དང་རི་བོར་ལྟ་བ་སོགས་ཀྱི་ཡུལ་སྐོར་གྱི་ཐོན་རྫས་གསར་པ་རབ་དང་རིམ་པ་སྔོག་འདོན་དང་ཁྱབ་གདལ་བཏང་ནས། རང་ལྗོངས་ཀྱི་ཡུལ་སྐོར་གྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་ཀྱི་ཡོད།