དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་མུ་མཐའ་མེད་པའི་འཁྱག་རོམ་དང་གངས་རིར་སྲུང་སྐྱོང་ནན་པོ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-04

    བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཝང་ཕུའུ་ལ་མཚོན་ན། འགྱིང་ངེར་གནས་པའི་ཇོ་མོ་གླང་མ་ནི“མགོ་བོ་བཀྱགས་མ་ཐག་མཐོང་ཐུབ་པའི་མཛེས་ལྗོངས”ཤིག་རེད། ས་བབ་མཐོ་ཚད་སྨི་5200ཟིན་པའི་ཇོ་མོ་གླང་མའི་སྒར་ས་ཆེན་པོར་མངགས་གཏོང་ཁང་གིས་དོས་སྒམ་བསྒྲིགས་ནས་ཉེན་དོན་ཁང་ཞིག་བཙུགས་ཡོད། སྒེའུ་ཁུང་གི་ཕྱི་རོལ་དུ་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་སླེབས་པ་མཐོང་སྐབས། ཝང་ཕུའུ་ལམ་སེང་ཕྱིར་ལྟ་བར་སྐྱོད་ཀྱི་ཡོད།

    ཇོ་མོ་གླང་མར་ལྟ་སྐོར་བྱེད་སྐབས་ཡུལ་སྐོར་བས་ཇོ་མོ་གླང་མའི་འདབས་ཀྱི་བཀྲ་ཤིས་འཛོམས་ཤང་དུ་ཁོར་ཡུག་སྲུང་སྐྱོང་གི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་བརྗེ་པོ་བརྒྱབ་རྗེས་གཞི་ནས་ལྟ་སྐོར་ལ་བསྐྱོད་ཆོག་གི་ཡོད། ཐག་རིང་གི་བརྗིད་ཉམས་དོད་པའི་ཇོ་མོ་གླང་མར་ལྟ་སྐབས། ཡུལ་སྐོར་བ་ཚོས་རྟག་ཏུ་མུ་མཐུད་མདུན་ཕྱོགས་སུ་གོམ་པ་ཁ་ཤས་སྤོས་ནས་འཁྱག་རོམ་དང་གངས་རིར་བར་ཐག་ཉེ་པོས་ལྟ་འདོད་བྱེད་ཀྱི་ཡོད། ཡུལ་སྐོར་བ་ཚོས་ཡིད་གཟབ་གནང་རོགས། ང་ཚོས་འདི་ག་ནས་ཇོ་མོ་གླང་མར་ལྟ་བ་ལས་མདུན་ཕྱོགས་ཀྱི་འཁྱག་རོམ་ཡོད་སར་བསྐྱོད་མི་ཆོག་ཅེས་མུ་མཐུད་མདུན་ཕྱོགས་སུ་སྐྱོད་འདོད་བྱེད་པའི་ཡུལ་སྐོར་བ་ཚོ་མཐོང་སྐབས། ཝང་ཕུའུ་ཡིས་སྐད་ཤུགས་ཆེན་པོས་དྲན་སྐུལ་བྱས།

    དེ་སྔ་ཡུལ་སྐོར་བ་ཁག་གཅིག་ལྐོག་ཏུ་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་བསྐྱོད་པས་མི་འགའ་ཤས་འཁྱག་རོམ་གྱི་ཁྲོད་དུ་ལུས་ནས་དོན་ཐུབ་མེད། ཉེ་བའི་ལོ་ཤས་རིང་། མི་ཚང་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་ད་ཆ་སྒྲིག་འགལ་ངང་ཇོ་མོ་གླང་མའི་ལྟེ་བའི་ཁུལ་དུ་སྐྱོད་པའི་སྣང་ཚུལ་གཞི་རྩའི་ཆ་ནས་ཐོན་གྱི་མེད་ཅེས་ཝང་ཕུའུ་ཡིས་བཤད།

    འཁྱག་རོམ་ནི་ས་མཐོའི་སྐྱེ་ཁམས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་ཞིང་། ཚན་ཞིབ་མི་སྣས་ཚོད་རྩིས་བྱས་པར་གཞིགས་ན། མཚོ་བོད་ས་མཐོ་དང་དེ་བཞིན་ཉེ་འཁོར་གྱི་རི་མཐོའི་ས་ཁུལ་གྱི་འཁྱག་རོམ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་10ཙམ་ཟིན་པ་དང་རྟག་ཏུ་གངས་གསོག་ཐེབས་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་30ཙམ་ཟིན་གྱི་ཡོད། གསོག་ཚད་ནས་བལྟས་ན། ས་ཁོངས་དེའི་འཁྱག་རོམ་གྱི་འཁྱག་པ་གསོག་ཚད་སྤྱི་ལེ་རྒྱ་དཔངས་གྲུ་བཞི་8850ཙམ་ཟིན་པ་དེ་ཆུ་ལ་ཕབ་ན་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་8ཙམ་ཟིན་གྱི་ཡོད་པ་རེད། འཁྱག་རོམ་དེ་དག་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་གལ་ཆེན་ཞིག་རེད།

    ཇོ་མོ་གླང་མའི་རྒྱུད་ཀྱི་མུ་མཐའ་མེད་པའི་འཁྱག་རོམ་ལ་སྲུང་སྐྱོང་བྱེད་པར་མིའི་རིགས་འགྲོ་ཚད་ཉུང་དུ་གཏོང་དགོས་པ་མ་ཟད། ད་དུང་མི་རྣམས་ཀྱིས“རང་འགུལ་ངང་བྱ་སྤྱོད་སྤེལ་དགོས”ཀྱི་ཡོད།

    དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ལས་མེད་པ་དང་རླུང་བུ་འུར་འུར་དུ་ལྡང་ནས་རྡོ་ཧྲུག་ཀྱང་རླུང་བུས་འཁྱེར་གྱི་ཡོད། གྲང་རླུང་ཇི་ལྟར་ལྡང་རུང་རྒྱལ་ཁབ་ལྟ་ཞིབ་ཚད་ལེན་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་དང་ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་སོགས་ཚན་པ་མང་པོའི་ལས་དོན་པ་ལས་གྲུབ་པའི་ཁོར་ཡུག་སྲུང་སྐྱོང་དཔུང་ཁག་རྡོག་ཐོན་བྱས་ཤིང་། ཐེངས་འདིའི་དམིགས་ཡུལ་ནི་ལྟེ་བའི་ཁུལ་གྱི་གད་སྙིགས་སྒྲུག་དགོས།

    སྤྱིར་མིའི་རིགས་འགྲོ་མཁན་མེད་ཀྱང་སྐབས་འགར་གད་སྙིགས་ཁ་ཤས་ཐོན་སྲིད་པ་མ་ཟད། ད་དུང་དེ་གར་ལོ་འཁོར་མོར་དྲག་རླུང་ལྡང་གི་ཡོད་པས་ཕྱི་རོལ་གྱི་གད་སྙིགས་མང་པོ་འཁྱེར་ཡོང་གི་ཡོད་ཅེས་ཝང་ཕུའུ་ཡིས་བཤད།

    བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ཚེ་ཕན་པ་བསྐལ་བརྒྱར་ཐོན་ནས་ཕྱོགས་ཀུན་ལ་ཕན་པ་ཐོན་ཐུབ། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་འཁྱག་རོམ་ཐོན་ཁུངས་ལ་སྲུང་སྐྱོང་ནན་པོ་བྱས་ནས་གང་ཐུབ་ཀྱིས་ཡུལ་སྐོར་གསར་སྤེལ་ལས་འཁྱག་རོམ་ལ་ཤུགས་རྐྱེན་ངན་པ་མི་ཐེབས་པར་བྱས་ཡོད།

    དགུན་དུས་ཀྱི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་ཧ་ཅང་གྲང་པོ་ཡོད་ཅིང་། དེ་གར་ཡར་ཀླུང་གཙང་པོའི་ཆུ་འགོ་སྟེ། སྤྱི་ལེ་སྟོང་ཕྲག་དུ་མའི་སར་རྒྱུག་པའི་ཡར་ཀླུང་གཙང་པོའི་ཆུ་འགོ་བྱེ་མ་གཡུང་དྲུང་འཁྱག་རོམ་ཡོད།

    འཁྱག་རོམ་གྱི་འདབས་རོལ་ནི་ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་རྩྭ་ར་ཞིག་ཡིན་ཞིང་། མཐོ་སར་འཛེགས་ནས་རྒྱང་ལྟ་བྱེད་སྐབས་རྐྱང་དང་གཙོད་ཁྱུ་དང་ཁྱུ་བྱས་ནས་ཅི་དགར་རོལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། འབྲོང་པ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྲུང་སྐྱོང་ཁུལ་དུ་མིའི་རིགས་འགྲོ་ཚད་ཉུང་དུ་བཏང་ཡོད། འཁྱག་རོམ་གྱི་འཚོ་བཅུད་ལས་དེ་ག་རི་སྐྱེས་སྲོག་ཆགས་ཀྱི་སྤྲོ་སྐྱིད་གླིང་དུ་གྱུར་ཡོད།

    སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་མཐའ་འཁྱོངས་བྱས་པས་བོད་ཀྱི་སྲོག་ཆགས་དང་། རྩྭ་རྩི་ཤིང་། འཁྱག་རོམ་དང་གངས་རི་བཅས་སླར་གསོ་བྱུང་བའི་ལྷིང་འཇགས་ཞི་མཐུན་གྱི་ཁོར་ཡུག་ཏུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།