སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་གཞུང་དྲང་གི་སྤྱི་པའི་ཐོན་རྫས་དང་ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་རྩ་ཞིག་རེད། ད་ཕན་ལོ་ཤས་རིང་སྙེ་མོ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། “རི་བོ་གཉིས”ཀྱི་འདུ་ཤེས་ལག་བསྟར། མཐོ་གནས་སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པ་མ་ཟད། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས་ཏེ་མང་ཚོགས་དེ་བས་མང་པོ“སྐྱེ་ཁམས་ཀྱི་ལམ་བུར”སྐྱོད་ནས“སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ”གསོག་ཐུབ་པ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མུ་མཐུད་ཆེ་རུ་བཏང་བ་རེད།
རི་ཀླུང་སྔོ་ལྗང་ཆུ་བོ་དྭངས་ཤིང་གཙང་།
རི་སྐེད་ནས་ལྟ་སྐབས་ཟམ་ཆུང་དང་། ཆུ་བོ། མི་ཁྱིམ་བཅས་ཀྱི་ཡིད་དགའི་རྣམ་པ་མིག་ལམ་དུ་འཆར་ཞིང་། འདི་ནི་སྙེ་མོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་མཛེས་ལྗོངས་ཀྱི་ཆ་ཤས་ཤིག་ཡིན།
“མདུན་དུ་སྐྱོད་ན། གནའ་བ་དང་ཤྭ་བ་སོགས་རི་སྐྱེས་སྲོག་ཆགས་མཐོང་ཐུབ”ཅེས་རི་སྐོར་རྒྱག་བཞིན་པའི་མཁར་རུ་ཤང་བྲེ་ནང་གྲོང་ཚོའི་ནགས་སྲུང་བ་སྐལ་བཟང་རྡོ་རྗེས་དེ་ལྟར་བཤད། ལོ་59ལ་སླེབས་པའི་ཁོང་དང་གྲོང་ཚོའི་ནགས་སྲུང་བ་35སླར་ཡང་རི་སྐོར་ལམ་དུ་འཆད།
སྙེ་མོ་རྫོང་གིས་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཀྱི“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་ལས་ཀའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་པར་བརྟེན་རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དམ་འཛིན་དང་། ཁག་བགོས་དོ་དམ་འགན་འཁུར་བློ་མཐུན་གྱིས་དམ་འཛིན་ཞིབ་ཕྲ། འགན་ནུས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོས་ཐད་ཀར་དམ་འཛིན་བཅས་ཀྱི་ལས་ཀའི་ལམ་སྲོལ་གྲུབ་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་འགན་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
སྙེ་མོ་རྫོང་གིས་ཚད་ལྡན་ཅན་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་དང་རྫོང་ཡོངས་ཀྱི་དྲ་མིག་ཅན་གྱི་ཁོར་ཡུག་ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་བཏང་བར་བརྟེན་རྫོང་དང་། ཤང་། གྲོང་ཚོ། ཚོགས་ཆུང་བཅས་རིམ་བཞིའི་ཁོར་ཡུག་ལྟ་འདོམས་དྲ་མིག་གྲུབ་ཡོད།
མཁར་རུ་ཤང་བྲེ་ནང་གྲོང་ཚོའི་གྲོང་མི་རྡོ་རྗེས“སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་སེམས་ལ་གཏིང་ཟབ་ཟུག་པས། ང་ཚོའི་གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་རི་སྐྱེས་སྲོག་ཆགས་ཀྱང་མང་དུ་ཕྱིན་འདུག”ཅེས་བརྗོད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་པ་གྲོང་ཚོའི་གྲོང་མི་སྐལ་བཟང་ཚེ་རིང་གིས་འཁོར་ཁང་དུ་བློ་རྩེ་གཅིག་སྒྲིམ་གྱིས་སྤོས་བཟོ་བཞིན་འདུག
ཐོན་པ་གྲོང་ཚོའི་སྤོས་བཟོ་རྩལ་ལ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། “གྲོང་རྡལ་དུ་ཡོད་པའི་དུད་ཚང་571གི་ནང་ནས་དུད་ཚང་282ཀྱིས་སྤོས་བཟོ་ཡི་ཡོད”ཅེས་ཐོན་པ་གྲོང་རྡལ་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཀྲང་ཧའེ་ཤིན་གྱི་དེ་ལྟར་ངོ་སྤྲོད་བྱས་བྱུང་།
ད་ཕན་ལོ་ཤས་རིང་སྙེ་མོ་རྫོང་གིས་སྐྱེ་ཁམས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆ་དང་། དཔལ་འབྱོར་གྱི་ལེགས་ཆ། འཕེལ་རྒྱས་ཀྱི་ལེགས་ཆ་བཅས་སུ་ཧུར་ཐག་བསྒྱུར་བ་མ་ཟད། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ཕན་ཚུན་གཅིག་གྱུར་དང་། འབྱུང་འཕྲོད་ཐོན་སྐྱེད་དང་འབྱུང་འཕྲོད་འཚོ་བ་ཕན་ཚུན་གཅིག་གྱུར། དེང་གི་འཕེལ་རྒྱས་དང་ཡུན་རིང་འཕེལ་རྒྱས་ཕན་ཚུན་གཅིག་གྱུར་བཅས་བྱས་ཡོད།
ད་ཆ་ཐོན་པ་གྲོང་ཚོར་སྤོས་བཟོ་དང་། ཡུལ་སྐོར། རིག་གནས་མྱོང་རོལ། ཞག་སྡོད་བཟའ་བཏུང་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་ཡོད། 2021ལོར་གྲོང་རྡལ་ཡོངས་ཀྱི་སྤོས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་3020དང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་1713བྱུང་ཡོད་ལ། དུད་ཚང་རེར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.9བྱུང་ནས། སྤོས་བཟོའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་དེ་ཉིད་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་དུ་གྱུར་ཡོད།
“སྤོས་བཟོའི་ལག་རྩལ་ལ་བརྟེན་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཡོང་གི་འདུག”ཅེས་སྐལ་བཟང་ཚེ་རིང་གིས་དགའ་སྤྲོའི་ངང་བརྗོད།
མཛེས་སྡུག་ཁྱིམ་གཞིས་མཉམ་དུ་བསྲུངས།
ད་ཕན་ལོ་ཤས་རིང་སྙེ་མོ་རྫོང་གིས་སྐྱེ་ཁམས་ཤེས་དཔལ་སློབ་གསོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་བྱེད་སྒོ་ཟུང་འབྲེལ་བྱས་ནས་ལོ་འཁོར་གྱི་དྲིལ་བསྒྲགས་ལས་དོན་གྱི་ཇུས་གཞི་དང་འཆར་གཞི་ནན་ཏན་ངང་བཟོས་པ་མ་ཟད། “མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པར་ང་ནི་བྱ་སྤྱོད་སྤེལ་མཁན་ཡིན”“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་། སྔོ་ལྗང་རི་ཀླུང་སྲུང་སྐྱོང་། མཛེས་སྡུག་ཁྱིམ་གཞིས་མཉམ་དུ་སྐྲུན”སོགས་བརྗོད་དོན་གཙོ་བོའི་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་དམངས་ཡོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་མི་ཚང་མ་ཞུགས་པའི་རྣམ་པ་ཟབ་མོ་མུ་མཐུད་བཏོད་ཡོད།
མཐོ་ཚད་སྨི་7048ཡོད་པའི་ཇོ་མོ་གངས་དཀར་ནི་གཉན་ཆེན་ཐང་ལྷའི་ལྷོ་སྣེའི་རི་བོ་མཐོ་ཤོས་ཡིན་པ་དང་སྙེ་མོ་རྫོང་མར་རྐྱང་ཤང་ནང་སྟོད་གྲོང་ཚོར་ཡོད།
2022ལོའི་ཟླ་བདུན་པར་གྲོང་ཚོའི་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་དང་བུད་མེད་དང་བླངས་ཞབས་ཞུ་རུ་ཁག་རྒྱུན་གཏན་བཞིན་རིར་གད་སྙིགས་སྒྲུག་པར་བསྐྱོད། བུ་ཆུང་གིས་ཁོ་ཚོ་ཡོང་བ་མཐོང་མ་ཐག་གད་སྙིགས་བླུགས་པའི་རྩྭ་རས་ཁུར་ནས་ཁོ་ཚོ་བསུ་བར་བསྐྱོད། 2021ལོར་མར་རྐྱང་ཤང་ནང་སྟོད་གྲོང་ཚོའི་གྲོང་མི་བུ་ཆུང་གིས་ཇོ་མོ་གངས་དཀར་གྱི་ལམ་འགྲམ་དུ་གུར་གཉིས་བརྒྱབ་ནས་གཅིག་གི་ནང་དུ་མི་སྡོད་ས་དང་གཅིག་གི་ནང་དུ་གད་སྙིགས་འཇོག་གི་ཡོད།
“ཇོ་མོ་གངས་དཀར་ཧ་ཅང་མཛེས་པས། ལོ་ལྟར་ལྟ་བར་ཡོང་མཁན་ཧ་ཅང་མང་པོ་འདུག་ལ། གད་སྙིགས་ཀྱང་དེ་དང་ཆབས་ཅིག་མང་དུ་འགྲོ་ཡི་འདུག གད་སྙིགས་མང་པོ་མེད་ཀྱང་ཁོར་ཡུག་བཙོག་པ་བཟོ་གི་འདུག”ཅེས་བུ་ཆུང་གིས་བརྗོད། ནུས་པས་ལྕོགས་ཚོད་ཀྱིས་ལས་ཀ་བསྒྲུབ་ཆེད་གྲོང་ཚོའི་རོགས་སྐྱོར་འོག་བུ་ཆུང་གིས་གད་སྙིགས་སྒྲུག་པའི་ལས་འགན་ཕྲག་ཏུ་འཁུར།
ད་ཆ་སྙེ་མོ་རྫོང་དུ་སྐྱེ་ཁམས་སླར་གསོ་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ལག་བསྟར་དོན་འཁྱོལ་ནན་པོ། “གཙང་པོ་གཉིས་དང་ཆུ་བོ་གཅིག”ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་ཁོར་ཡུག་སྲུང་སྐྱོང་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད།