ཉིན་ཤས་གོང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པའི་གྲོང་ཁྱེར་གྱི་མིང་ཐོ་གསར་པ་ཁྱབ་བསྒྲགས་བྱས་ཤིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བང་རིམ་ནང་ཚུད་ནས་མིག་སྔར་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་བོད་ཀྱི་གྲོང་ཁྱེར་དང་པོར་གྱུར་ཡོད།
ཉིང་ཁྲི་གྲོང་ཁྱེར་ནི་རང་རྒྱལ་གྱི་ནགས་ཁུལ་ཆེ་གྲས་ཨང་གསུམ་པ་དེ་ཡིན་པ་དང་དེར་བོད་ཀྱི་ནགས་ཚལ་80%གཅིག་སྡུད་བྱས་ཡོད། “ཉིང་ཁྲི་གྲོང་ཁྱེར་དུ་ད་ཆ་ནགས་ས་རྒྱ་ཁྱོན་སྤྱི་ཆིང་ཁྲི་657.44ཟིན་པ་དང་། གྲོང་ཁྱེར་དེ་ཡོངས་སུ་ནགས་ཚལ་ཁྱབ་ཚད་47.66%ཟིན་པ། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་14.09ཟིན་པ། གྲོང་ཁུལ་དུ་ཆ་སྙོམས་སྔོ་འགྱུར་ཁྱབ་ཚད་40.88%ཟིན་པ། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་19.03ཟིན་གྱི་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་འཛུགས་གཏོད་འགོ་ཁྲིད་ལས་དོན་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཧའོ་ཕིང་གིས་རང་ཁྱིམ་གྱི་ནོར་བུ་བགྲང་བ་ལྟར་བཤད།
2018ལོར། “རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”འཛུགས་གཏོད་ཀྱི་ལས་དོན་སྤེལ་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པའི་ངང་ནགས་བཟོ་སྔོ་འགྱུར་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ནས་སྔོ་ལྗང་རྒྱ་ཁྱོན་རྒྱུན་མཐུད་ཆེ་རུ་བཏང་བ་དང་འདམ་རའི་སྤྱི་གླིང་དང་སྔོ་ལྗང་གཞུང་ལམ་དྲ་བ་སོགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། ལོ་4ཡི་ནང་མི་ཐབས་ལ་བརྟེན་ནས་ནགས་བཟོ་རྒྱ་ཁྱོན་སྤྱི་ཆིང་4743.93མང་དུ་བཏང་བ་དང་། སྤྱི་ཕན་ནགས་ཚལ་བདག་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་44.68ལེགས་སྒྲུབ་བྱས་པ། ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་2.01གསོ་སྐྱོང་བཅས་བྱས་ཡོད།
“མི་ཐབས་ལ་བརྟེན་ནས་ནགས་ཚལ་འདེབས་འཛུགས་བྱས་པ་ལས་ང་ཚོའི་གྲོང་ཁྱེར་དུ་ནགས་ཚལ་ཡོད་ལ་ནགས་ཚལ་གྱིས་གྲོང་ཁྱེར་སྐོར་ཡོད”ལི་ཧའོ་ཕིང་གིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་འཛུགས་གཏོད་ཀྱི་ལམ་བུའི་ཐོག་ཉིང་ཁྲིས་མི་ཐབས་ལ་བརྟེན་ནས་སྔོ་ལྗང་འདེབས་འཛུགས་དང་། སྔོ་ལྗང་སྲུང་སྐྱོང་། སྔོ་ལྗང་ལ་གཅེས་སྤྲས་བཅས་ཀྱི་ཐད་དཀའ་སྤྱད་འབད་བརྩོན་ལྷོད་མེད་བྱས་ཡོད་ཅེས་བཤད།
ས་བབ་མཐོ་བ་དང་གནམ་གཤིས་ཞན་པ་སོགས་ས་མཐོ་གཅིག་པུར་དབང་བའི་རྒྱུ་རྐྱེན་མང་པོས་ས་མཐོའི་ཐོག་ནགས་བཟོ་སྔོ་འགྱུར་བྱེད་པར་ཐང་གཤོངས་ས་ཁུལ་ལས་སེམས་ནུས་དེ་བས་ཆེ་བ་དང་མ་གནས་དེ་བས་མཐོ་བ་འདོན་དགོས་པ་མ་ཟད། དོ་དམ་སྲུང་སྐྱོང་ཐད་དེ་བས་སེམས་ནུས་ཡོད་རྒུ་བཏོན་ཚེ་གཞི་ནས་ལྗོན་ཤིང་གསོན་ཐུབ།
གནད་དོན་དེར་ནག་ཆུའི་བུ་མོ་སྒྲོལ་མ་བདེ་སྐྱིད་ལ་མྱོང་ཚོར་ཟབ་མོ་ཡོད། “དེ་སྔོན་ནག་ཆུར་ལྗོན་ཤིང་གཅིག་བཙུགས་པར་ཕྲུ་གུར་ལྟ་རྟོག་བྱེད་པ་ལྟར་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད། ལོ་ཁ་ཤས་གསོན་པའི་ལྗོན་ཤིང་ལ་གཟབ་གཟབ་མ་བྱས་སྟབས་རླུང་འཚུབ་ཀྱིས་རྩ་བ་ཡང་བརྟན་པོ་མེད་པར་གྱུར་སྲིད་པ་དང་དེའི་ཁར། མཐོ་གྲང་དུ་གསོ་རླུང་མི་འདང་བས་དངོས་གནས་གསོན་ཧ་ཅང་ཁག་པོ་ཡོད”སྒྲོལ་མ་བདེ་སྐྱིད་ཀྱིས་སྐབས་དེ་དུས་དྲོད་ཁང་ཆེན་པོ་ཞིག་བསྐྲུན་ནས་ལོ་གཅིག་དུས་བཞིར་སྔོ་ཐིང་ཐིང་མཐོང་རྒྱུ་བྱུང་ན་ཅི་མ་རུང་སྙམ་གྱི་ཡོད་ཅེས་བཤད།
སྔོ་ལྗང་ལ་བཅངས་པའི་འདུན་པ་དེའི་ཆེད་དུ་སྒྲོལ་མ་བདེ་སྐྱིད་དང་ཁོ་མོའི་ཕ་ཚེ་དབང་བཀྲ་ཤིས་ཀྱིས་ས་བབ་མཐོ་ཚད་སྨི་4600ཟིན་པའི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་མུའུ་སྟོང་གི་རིག་ནུས་དྲོད་ཁང་བསྐྲུན་པ་རེད།
དགུན་དུས་བོད་བྱང་ཐང་དུ་གྲང་ངར་གྱིས་གཙེས་ནས་སྐྱེ་དངོས་ཐམས་ཅད་ཀྱི་སྐྱེ་སྟོབས་ཉམས། འོན་ཀྱང་རིག་ནུས་དྲོད་ཁང་ནང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་གྱི་ཡོད། དྲོད་ཁང་དེར་ལྟ་སྐོར་དུ་ཡོང་མཁན་སློབ་ཆུང་སློབ་མ་མང་པོ་ཡོད་པ་དང་ཕྲུ་གུ་ཚོས་དེ་ག་ནས་དཔེ་དེབ་ནང་གི་སྔོ་ཚལ་དང་ཤིང་འབྲས་སྣ་ཚོགས་མཐོང་སྟེ་མཐོང་རྒྱ་ཡང་ཆེ་རུ་ཕྱིན་ཡོད།
“ཁོང་ཚོའི་ལོ་ན་ཆུང་བའི་སེམས་ཁམས་ནང་ལྗང་མདོག་གི་ས་བོན་འདེབས་རྒྱུའི་རེ་བ་ཡོད”སྒྲོལ་མ་བདེ་སྐྱིད་ཀྱིས་ལྗང་མདོག་ལ་ས་མཐོར་ཐུན་མོང་མ་ཡིན་པའི་དོན་སྙིང་ལྡན་ཡོད། དེར་བརྟེན་ཁོང་གི་ཀུང་སིས་ད་དུང་འཆར་གཞི་བྱས་ན་ལོ་10ཡི་ནང་ནགས་བཟོ་རྒྱ་ཁྱོན་མུའུ་ཁྲི་206.72ཟིན་པའི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་ཀྱི་ལས་གྲྭའི་ཆ་ཤས་ཤིག་འགན་གཙང་བླངས་ཡོད་ཅེས་བཤད།
ས་མཐོའི་མི་རྣམས་ཀྱིས་ལྗང་མདོག་ལ་བཅངས་པའི་རེ་བ་དང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ལོ་40ཡི་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་ངོགས་སུ་རིང་ཚད་སྤྱི་ལེ་160ཙམ་དང་ཞེང་ཚད་ཆ་སྙོམས་སྤྱི་ལེ་1.8ཟིན་པའི“ལྗང་མདོག་ལྕགས་རི་རིང་པོ”ཞིག་བསྐྲུན་པ་དང་དེའི་སྲུང་སྐྱོང་འོག་ཡར་ཀླུང་གཙང་པོའི་རྒྱུད་དུ་བྱེ་རླུང་ལྡང་ཚད་ཆུང་དུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་དོན་ཡོད་ཀྱིས་དེ་སྔ་བྱེ་རླུང་ལྡང་སྐབས་ལམ་ངོས་ཀྱང་གསལ་པོ་མཐོང་གི་མེད”ད་ཆ་བསམ་ཡས་གྲོང་རྡལ་གྱི་གནམ་སྔོ་བ་དང་། ས་གཞི་སྔོ་ལྗང་། ཆུ་མོ་དྭངས་ཤིང་གཙང་བས་མི་དེ་བས་མང་བ་ཡུལ་སྐོར་དུ་ཡོང་སྟེ་མི་རྣམས་ལ་སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད་ཅེས་བཤད།
ས་བབ་མཐོ་ཚད་སྨི་4300མན་དུ་ཤིང་འཛུགས་ནགས་བཟོར་འཚམ་པའི་ས་ཆར་བོད་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པ་བྱས་ཏེ་ནགས་ཚལ་དང་ཁྱིམ་དུད། ཆུ་ལམ་བཅས་གཅིག་ལ་གཅིག་རྟེན་གྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་རེ་རེ་བཞིན་མངོན་འགྱུར་བྱེད་བཞིན་ཡོད།
“ཉིང་ཁྲིས་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གཏོད་འཛུགས་བྱས་པ་དང་། གངས་ལྗོངས་ས་མཐོར་དགེ་མཚན་ལྡན་པའི་དཔེ་སྟོན་གྱི་ནུས་པ་ཐོན་རྒྱུ་རེད”ལི་ཧའོ་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་གྱིས་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་བཏོད་པ་དེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་གཟེངས་བསྟོད་བྱས་པ་ཞིག་ཡིན་པ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱི་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་བའི་ཆུ་ཚད་དང་ཞི་མཐུན་འཕེལ་རྒྱས་ཀྱི་ཆུ་ཚད་ཕྱོཌ་བསྡུས་ཐོག་མཚོན་ཡོད་ལ་མི་རྣམས་ཀྱིས་མུ་མཐུད་སྔོ་འགྱུར་ནགས་བཟོའི་ལས་དོན་སྤེལ་བ་དང་། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་འགྱུར་མགྱོགས་སུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ལྕག་སྐུལ་ཆེན་པོ་ཐེབས་རྒྱུ་རེད་ཅེས་བཤད། (《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)