ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་མཁས། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པས་ངེས་པར་དུ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ལག་ལེན་བསྟར་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་གཏོང་རྒྱུ་ཇུས་འགོད་བྱེད་དགོས་ཞེས་བསྟན་ཡོད།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། “སྐྱེ་ཁམས”གཙོ་བོར་བཟུང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་བཏོད་ཡོད་པ་རེད།
ཧུང་ལ་རི་བོ་ནི་བོད་ལྗོངས་དང་ཡུན་ནན་གྱི་འབྲེལ་མཚམས་སུ་གནས་ཤིང་། གྱ་གྱུའི་རྒྱལ་ལམ་214རྒྱུད་སྐབས་རི་འདབས་ཀྱི་ནམ་དུས་བཞིའི་མཛེས་ཉམས་མཐོང་ཐུབ་ལ། རི་ཀླུང་གང་སར་སྟག་མ་མེ་ཏོག་དང་སྔོ་ཐིང་ཐིང་གི་གསོམ་སྡོང་སོགས་ཀྱིས་རབ་ཏུ་རྒྱན་ཞིང་། དེ་གར་ཡོང་མཁན་གྱི་ཡུལ་སྐོར་བ་ཚོས་བརྗེད་པར་དཀའ་བ་ནི་ཧུང་ལ་རི་བོའི་ཡུན་ནན་སྤྲེའུ་སྤུ་སེར་རེད།
“ང་རང་ཧུང་ལ་རི་བོའི་བདག་སྐྱོང་ས་ཚིགས་སུ་ལས་ཀ་བྱས་ནས་ལོ་16ཕྱིན་སོང་། ལོ་རེའི་ཟླ་4པ་ནས་10པའི་བར་ཧུང་ལ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གདོད་མའི་ནགས་ཚལ་དུ་ཡུན་ནན་སྤྲེའུ་སྤུ་སེར་རྟག་ཏུ་མཐོང་རྒྱུ་ཡོད” ནགས་སྲུང་བ་ཚེ་རིང་གིས“ལོ་འདི་དག་རིང་ངའི་བསམ་འདུན་ཆེ་ཤོས་ནི་ནགས་ཚལ་འདིར་སྲུང་སྐྱོབ་ཡག་པོ་བྱས་ནས་ཡུན་ནན་སྤྲེའུ་སྤུ་སེར་ནམ་ཡང་འདི་གར་འཚོ་སྡོད་ཐུབ་པ་བྱེད་རྒྱུ་དེ་ཡིན”ཞེས་བཤད།
ཧུང་ལ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་ལ་སྨར་ཁམས་ཀྱི་རྒྱལ་ཁབ་རིམ་པའི་ཡུན་ནན་སྤྲེའུ་སྤུ་སེར་རང་བྱུང་སྲུང་སྐྱོང་ཁུལ་ཡང་ཟེར། དེ་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་ཡུན་ནན་སྤྲེའུ་སྤུ་སེར་རང་བྱུང་སྲུང་སྐྱོང་ཁུལ་གཉིས་པ་དེ་ཡིན་ཞིང་། སྨར་ཁམས་རྫོང་གྲོང་དང་བར་ཐག་སྤྱི་ལེ་60ཡི་སར་གནས་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་18ཙམ་ཟིན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། སྨར་ཁམས་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཡུན་ནན་སྤྲེའུ་སྤུ་སེར་གྱི་གྲངས་འབོར་ལོ་རེ་བཞིན་མང་དུ་ཕྱིན་ནས་དུས་རབས་གོང་མའི་ལོ་རབས་80པའི་གྲངས་འབོར་གྲངས་འབོར་500ལྷག་ཙམ་ནས་ད་ལྟའི་800ལྷག་ཙམ་བར་མང་དུ་ཕྱིན་ཡོད།
“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང‘སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ལས་གྲྭ་གནད་ཆེན་ལག་བསྟར་བྱེད་དགོས་པ་དང་། རྩྭ་ཐང་དང་། ནགས་ཚལ། རྒྱུག་ཆུ། མཚེའུ། འདམ་ར་བཅས་ཀྱི་རྒྱ་བསྡམས་ཏེ་སོར་ཆུད་ཡོང་བར་བྱེད་དགོས’ཞེས་བསྟན་ཡོད། དེས་ང་ཚོའི་སླད་ཕྱིན་གྱི་ལས་ཀའི་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་ཡོད་པ་དང་། དེ་ལས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཡུན་ནན་སྤྲེའུ་སྤུ་སེར་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་པ་དང་སྐྱེ་དངོས་རིགས་དང་སྐྱེ་ཁམས་དོ་སྙོམས་ལ་སྲུང་སྐྱོབ་བྱེད་པའི་ཐད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།གོམ་སྟབས་རྗེས་མར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་ཏན་ཏིག་བྱས་ནས་ཡུན་ནན་སྤྲེའུ་སྤུ་སེར་སྲུང་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་སྨར་ཁམས་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་མིག་དམར་གྱིས་བཤད།
ཉེ་བའི་ལོ་ཤས་རིང་། གོ་འཇོ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ནས་སྔ་རྗེས་སུ་སྒོར་ཁྲི་665ལྷག་ཙམ་བཏང་སྟེ་འདམ་རའི་སྐྱེ་ཁམས་སླར་གསོ་དང་། སྐྱེ་དངོས་སྣ་མང་རང་བཞིན་བརྟག་དཔྱད། ཚན་ཞིབ་ལྟ་ཞིབ་ཚད་ལེན། འདམ་ར་བདག་སྐྱོང་སོགས་ཀྱི་ལས་དོན་སྤེལ་ནས་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་3593.84ཟིན་པའི་ལྷ་ཐོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་སྔར་བས་མཛེས་སྡུག་ལྡན་པར་གྱུར་ཡོད།
གོ་འཇོ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཝུའུ་སུང་གིས་ས་གནས་དེ་གའི་མང་ཚོགས་རྣམས་འདམ་ར་སྲུང་སྐྱོང་ནང་ཧུར་ཐག་ཞུགས་ཆེད། 2018ལོའི་ཚུན་གོ་འཇོ་རྫོང་གིས་ལོ་རེར་མང་ཚོགས་ངེས་ཅན་ཞིག་འདམ་ར་སྲུང་སྐྱོང་ལས་དོན་ནང་བསྡུ་ཡི་ཡོད་ཅེས་ངོ་སྤྲོད་བྱས།
“གོམ་སྟབས་རྗེས་མར་གོ་འཇོ་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་སྲུང་སྐྱོང་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། འདམ་རའི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་ལྷ་ཐོ་འདམ་ར་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལྗང་མདོག་བར་མཐོངས་ཤིག་ཏུ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན”ཞེས་ཝུའུ་སུང་གིས་བཤད།
ཉེ་བའི་ལོ་ཤས་རིང་དཔལ་འབར་རྫོང་གི་འདམ་རའི་སྤྱི་གླིང་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་གི་དགུན་ཁའི་དགའ་ཚལ་དུ་གྱུར་ཡོད། ལོ་རེའི་ཟླ་11པའི་ཟླ་དཀྱིལ་གོང་ཁྲུང་ཁྲུང་སྐེ་ནག་མང་པོ་དཔལ་འབར་རྫོང་གི་མདོག་གསུམ་མཚོར་ཡོང་གི་ཡོད། དེ་གར་རྩྭ་ཆུ་འཛོམས་ལ་འདམ་རའི་སྐྱེ་ཁམས་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་ཡོད་པས་ཁྲུང་ཁྲུང་སྐེ་ནག་ཁྱུ་ཚོགས་དགུན་སྒྲོལ་སྐྱས་སྤོ་མ་བྱས་གོང་ཟུངས་ནུས་སླར་གསོ་ཐུབ་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། དཔལ་འབར་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ་དང་། ས་གནས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ལྗང་ལྷ་མཚོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་། མདོག་གསུམ་མཚོ་རང་སྐྱོང་ལྗོངས་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བཙུགས་ཤིང་། ཆེད་ལས་བདག་སྐྱོང་བ་22བསྡུས་ནས་ཁྲུང་ཁྲུང་སྐེ་ནག་དང་དེ་བཞིན་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གཞན་དག་ལ་སྐོར་གཡེང་སྲུང་སྐྱོང་བྱེད་པ་དང་། ནགས་ཚལ་དང་།རྩྭ་ཐང་། འདམ་ར་སོགས་སྐྱེ་ཁམས་ཐོན་ཁུངས་སླར་གསོ་དང་སྲུང་སྐྱོང་ཐད་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ནས་རིག་ཚན་45ཡི་ཁོངས་གཏོགས་136གི་ཕྲ་ཕུང་ཆུན་ནར་རྩི་ཤིང་རིགས་266དང་རི་སྐྱེས་སྒལ་རུས་ཅན་གྱི་སྲོག་ཆགས་རིགས་91ལ་སྐྱེ་ཁམས་ཁོར་ཡུག་གི་འགེབས་སྲུང་བྱ་ཡུལ་བཏོད་ཡོད་པ་རེད།
མིག་སྔར་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཆོད་སེམས་དེ་བས་ཆེ་བ་དང་། ཚད་གཞི་དེ་བས་མཐོ་བ། བླང་བྱ་དེ་བས་ནན་པ་བཅས་ཀྱི་སྒོ་ནས་བོད་ཤར་རྒྱུད་ཀྱི་དགུང་སྔོན་སྤྲིན་དཀར་དང་རི་སྔོན་ཆུ་དྭངས་ཡག་པོ་བསྲུངས་ཏེ་མི་རྣམས་དགའ་འོས་པའི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་གསོན་ཉམས་དོད་པའི་རི་མོ་ཞིག་གཏོད་བཞིན་ཡོད།