ད་ཕན་ལོ་ཤས་རིང་། སྣ་དཀར་རྩེ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་གཞི་བཅས་ནན་པོ་སྲུང་ནས། སྐྱེ་ཁམས་བཅོས་སྐྱོང་སླར་གསོ་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་འདུ་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བས། སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ་དང་ལྗང་མདོག་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་བྱུང་ཡོད་པ་རེད།
སྐྱེ་ཁམས་སླར་གསོ་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།
གསར་འགོད་པ་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་ཆུ་ལུང་གྲོང་ཚོར་སྐྱོད་སྐབས། གྲལ་འགྲིག་པའི་ཁང་པ་སྟར་པ་རེ་རེ་དང་། ཨར་འདམ་ལམ་རེ་རེ། ཉི་ནུས་ལམ་སྒྲོན། ཁང་པའི་རྒྱབ་མདུན་གྱི་མིས་བཟོས་སྤང་ལྗོངས་བཅས་ལས། སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་དེ་བས་མཛེས་པར་བྱས་ཡོད།
2021ལོར་ཆུ་ལུང་གྲོང་ཚོས་རྣམ་གྲངས་མ་དངུལ་སྒོར་ཁྲི་242.62རེ་ཞུ་བྱས་ནས། འབྱོར་འབྲིང་གྲོང་ཚོས་ཁང་པ་རྙིང་པ་དུས་གཅིག་ཏུ་བཤིག་སྤོ་དང་ས་ཆ་བསྐྱར་སྦོལ་རྣམ་གྲངས་ལག་ལེན་བསྟར་ཡོད། རྣམ་གྲངས་དེས་དུད་ཚང་44ཡི་གྲོང་མི་གནས་སྤོས་རྗེས་ལུས་པའི་ཁང་པ་རྙིང་པ་བཤིག་པ་མ་ཟད། ས་ཞིང་ཁོད་སྙོམས་དང་། གད་སྙིགས་དབོར་འདྲེན། གཟན་རྩྭ་འདེབས་འཛུགས་སོགས་ཀྱི་ལས་དོན་སྤེལ་ཡོད། ད་ཆ་གཟན་རྩྭ་སྐྱེ་བའི་དུས་ཚིགས་སུ་སླེབས་རིམ་བཞིན་ཁང་པ་རྙིང་པ་གནས་ཡུལ་གྱི་ས་ཆ་དེའང་སྔོ་ཐིང་ཐིང་དུ་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།
“རྣམ་གྲངས་ལག་ལེན་བསྟར་བའི་ལོ་དང་པོར་གཙོ་བོ་གཟན་རྩྭ་བཏབ་ནས་ཕྱུགས་རིགས་དགུན་སྒྲོལ་ཆེད་གཟན་རྩྭ་གྲབས་གསོག་བྱེད་ཀྱི་ཡོད”ཅེས་ཆུ་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་བཀྲ་ཤིས་ཀྱིས་བཤད།
ཆུ་ལུང་གྲོང་ཚོའི་འགྱུར་ལྡོག་ནི་སྣ་དཀར་རྩེ་རྫོང་གིས་སྐྱེ་ཁམས་སླར་གསོ་བྱས་པའི་བསྡུས་རིས་ཤིག་རེད།2021ལོར་སྣ་དཀར་རྩེ་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་568བཏང་ནས། ཚ་རུ་ནང་གྲོང་ཚོའི་ས་ཆུ་སྲུང་འཛིན་དང་། མཁར་ལུང་གྲོང་ཚོའི་ས་ཆུ་སྲུང་འཛིན། བདེ་སྐྱིད་ཆུ་ཡུར་གྱི་ཁོར་ཡུག་བཅོས་སྒྲིག་སོགས་རྣམ་གྲངས་5ལ་སྤྱད་པ་དང་འབྲེལ། 2020ལོར་སྣ་དཀར་རྩེ་རྫོང་གི་སྐྱེ་ཁམས་ཁོར་ཡུག་དཔྱད་ཞིབ་བྱ་དགའི་དངུལ་སྒོར་ཁྲི་300མངར་བྲག་ཤང་བཀྲས་སྒང་གྲོང་ཚོ་དང་གཡའ་ལུང་གྲོང་ཚོ་སོགས་གྲོང་ཚོའི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་ལས་གྲྭ་དང་། སྣ་དཀར་རྩེ་རྫོང་གི“གཉིས་གཏོད”སྐྱོང་སྤེལ་རྟེན་གཞིའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་རྣམ་གྲངས་སོགས་ལ་སྤྱད་པ་རེད།
ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གཏིང་ཟབ་བྱས་པ།
སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་ཁྱིའུ་བྲག་གྲོང་ཚོའི་ཉེ་འགྲམ་དུ་དེ་སྔ་ཐང་རྒོད་ཡིན་པ་དང་དགུན་ཁ་སླེབས་རིམ་བཞིན་གྲོང་ཚོར་བྱེ་རླུང་འུར་འུར་དུ་ལྡང་གི་ཡོད།
2018ལོའི་ཟླ་10ཚེས་16ཉིན་ཁྱིའུ་བྲག་གྲོང་ཚོའི་གཟན་རྩྭའི་རྟེན་གཞིའི་རྣམ་གྲངས་ལས་འགོ་ཚུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་2689.46བཏང་ནས། ཡན་ལག་ཆུ་ཡུར་སྨི་28359གསར་དུ་བསྐྲུན་པ་དང་། ས་ཞིང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་58ལྷག་ཙམ་ཁོད་སྙོམས་པ། ས་རྒྱུ་སྨི་ངོས་གྲུ་ཁྲི་33.35ལྷག་ཙམ་ལེགས་བཅོས་བྱས་པ། འདེབས་འཛུགས་རྒྱ་ཁྱོན་མུའུ་4872.8ཟིན་ཏེ། གཙོ་བོ་འབུ་སུ་ཧང་མཆིན་ཁ་དང་། གྲོ་ལྗང་ཆུང་ཆུང་། བུལ་རྩྭ་སོགས་བཏབ་ཡོད། རྣམ་གྲངས་དེ་2019ལོའི་ཟླ་9ཚེས་5ཉིན་ལས་མཇུག་འགྲིལ་བ་དང་2020ལོར་སྤྱོད་འགོ་ཚུགས་ཡོད་པ་རེད།
“ད་ཆ་གཟན་རྩྭའི་རྩ་བ་བརྟན་པོ་ཚུགས་པ་དང་ས་ཆུ་འཛོམས་པས་ཐལ་རྡུལ་ལངས་ཀྱི་མེད་ལ། མི་སེར་ཚོ་ལུས་ལ་ཐལ་རྡུལ་གྱིས་འཚོས་པའི་འཚོ་བ་སྐྱེལ་དགོས་ཀྱི་མེད་པ་མ་ཟད། ཁྲུང་ཁྲུང་མགོ་ནག་དང་། ཁྲུང་ཁྲུང་སྐེ་ནག ངང་སེར། དགོ་བ། རྐྱང་སོགས་རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་དུ་འགྲོ་གི་ཡོད”ཅེས་ཁྱིའུ་བྲག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཤའོ་ཧན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།
ལོ་ལྟར་ལོ་ལེགས་ཀྱི་དུས་སུ་འབུ་སུ་ཧང་དང་། གྲོ་ལྗང་ཆུང་ཆུང་། བུལ་རྩྭ་བཅས་ལས་རྩྭ་སྔོན་གྱི་དྲི་ཞིམ་གང་སར་འཐུལ་བ་དང་གང་སར་སྔོ་ཐིང་ཐིང་དུ་གྱུར། ཁྱིའུ་བྲག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་དགྲ་འདུལ་གྱིས“རྒྱལ་ཁབ་ཀྱིས་རྫས་ལུད་དང་ས་བོན་མཁོ་འདོན་བྱས་པ་མ་ཟད། བརྔ་བསྡུ་འཕྲུལ་འཁོར་དང་། རྩྭ་འདེབས་འཕྲུལ་འཁོར། བསྡམས་རྒྱག་འཕྲུལ་འཁོར་སོགས་སྒྲིག་ཆས་ཀྱང་མཁོ་འདོན་བྱེད་ཀྱི་ཡོད། གཟན་རྩྭ་བཏབ་རྗེས་རྫོང་གིས་ད་དུང་ཉོ་སྒྲུབ་བྱས་པས། མུའུ་རེ་ནས་ཆ་སྙོམས་གཟན་རྩྭ་རྒྱ་མ་800དོན་གྱི་ཡོད”ཅེས་བཤད།
2021ལོར་ཁྱིའུ་བྲག་གྲོང་ཚོའི་གཟན་རྩྭ་རྟེན་གཞིའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་96.2ཟིན་པ་དེ་ལོ་གོང་མ་ལས་7.3%འཕར་ཡོད། 2021ལོར་རྟེན་གཞི་དེས་གྲོང་ཚོ་ཡོངས་ཀྱི་དུད་ཚང་72ཀྱི་མི་301ལ་ཁེ་སྤོགས་སྒོར་ཁྲི་9.73ལྷག་ཙམ་བགོ་བཤའ་བརྒྱབ་པ་དང་། མང་ཚོགས་མི་ཐེངས་88སྟབས་བསྟུན་ལས་ཞུགས་བྱ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་པ། གྲོང་མིའི་གླ་ཕོགས་སྒོར་ཁྲི་8.06ལྷག་ཙམ་དོན་འཁྱོལ་བྱས་ཡོད་པ་རེད།
2021ལོར། སྣ་དཀར་རྩེ་རྫོང་གིས་རྫོང་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་ཧུར་ཐག་སྤེལ་ནས། རྫོང་ཡོངས་སུ་ཁྱོན་ས་གནས་དེ་གའི་རྒྱ་ལྕང་དང་པེ་ཅིང་གི་སྦྱར་པ་སོགས་སྡོང་ཕྲུག་ཁྲི་7ལྷག་ཙམ་བཏབ་པ་དང་། བུལ་རྩྭ་དང་བསྲེས་རྩྭ་འདེབས་ཚད་སྤྱི་རྒྱ་ཁྲི་2.4ལྷག་ཙམ་ཟིན་ཏེ་འགྲམ་བཞིའི་ཤིང་འཛུགས་ནགས་བཟོའི་ལོ་འཁོར་ལས་འགན་གྱི་སྡོང་རྐང་ཁྲི་2.51ལེགས་སྒྲུབ་ཟིན་ཡོད་པ་རེད།
སྐྱེ་ཁམས་ཡུལ་སྐོར་ལ་ཕན་འབྲས་ཆེན་པོ་ཐོབ་པ།
“ང་ཚོའི་མགྲོན་ཁང་སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་གྲ་མ་ལུང་གྲོང་ཚོར་གནས་ཤིང་། དེ་གར་ཁེར་སྡོད་ཁང་པ་དང་མཉམ་སྡོད་ཁང་པ་སོགས་ཁང་མིག་ཁྱོན་14ཡོད། ཚོང་ཡག་དུས་སུ་ཟླ་ཕྱེད་ལ་ཡོང་འབབ་སྒོར་ཁྲི་5ཟིན་གྱི་འདུག”ཅེས་ཡར་འབྲོག་གཡུ་མཚོའི་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་སྐལ་བཟང་ནོར་བུས་ངོ་སྤྲོད་བྱས།
ཉེ་བའི་ལོ་ཤས་རིང་། སྣ་དཀར་རྩེ་རྫོང་གིས་ནོར་སྲིད་མ་འཇོག་དང་རྣམ་གྲངས་འཛུགས་སྐྲུན་བརྒྱུད་དཔལ་སྡེ་ཤང་གྲ་མ་ལུང་གྲོང་ཚོ་དང་ཆུ་གསེར་གྲོང་ཚོ་སོགས་ལ་ལྗོངས་གཟིགས་སྟེགས་བུ་བཏོད་དེ། ཡུལ་སྐོར་གསང་སྤྱོད་དང་མོ་ཊ་འཇོག་ས་སོགས་རྒྱལ་ལམ་ལམ་རྒྱུད་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཆབས་ཅིག ཁོངས་གཏོགས་གྲོང་ཚོའི་གྲོང་མི་ཚོས་ལྗོངས་གཟིགས་སྟེགས་བུའི་ཐོག་བཟའ་བཏུང་དང་། ཡུལ་ཟོག བཟའ་བཅའ་ཙག་ཙིག་སོགས་ཀྱི་ཚོང་ཁང་བཙུགས་པ་མ་ཟད། ཡུལ་སྐོར་ཚོང་ཟོག་བྲིན་ཚོང་སོགས་ཀྱི་ཡུལ་སྐོར་ཞབས་འདེགས་ཀྱང་ཞུ་ཡི་ཡོད།
“གྲོང་ཚོས་ད་དུང་སྐར་མ་ཁང་པ་དག་ཕྱི་ནས་ཡོང་བའི་ཀུང་སིར་བོགས་མར་བཏང་བར་ལོ་ལྟར་ཁང་གླ་སྒོར་ཁྲི་10.5ལེན་རྒྱུ་ཡོད་ལ། གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.3ཟིན་གྱི་ཡོད”ཅེས་གྲ་མ་ལུང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསམ་གྲུབ་ཀྱིས་བཤད།
2021ལོར་སྣ་དཀར་རྩེ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་43.86ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་36.13%འཕར་བ་དང་། ཡོང་འབབ་སྒོར་ཁྲི་3785.31བཏོད་པ་དེ་དུས་མཚུངས་ལས་30.33%འཕར་ཡོད།
ཡུལ་སྐོར་བ་མང་དུ་ཕྱིན་པས་གད་སྙིགས་ཀྱང་མང་དུ་འགྲོ་རྒྱུ་གཏན་འཁེལ་རེད། “ང་ཚོས་ཉིན་ལྟར་ཆེད་མི་བཀོད་སྒྲིག་བྱས་ནས་གད་སྙིགས་སྒྲུག་པ་དང་གསང་སྤྱོད་ལ་གཙང་སྦྲ་བྱེད་ཀྱི་ཡོད་པས། ཁོང་ཚོར་ཡང་ཉིན་རེར་གླ་ཆ་སྒོར་100ལེན་རྒྱུ་ཡོད”ཅེས་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས།
ཡར་འབྲོག་གཡུ་མཚོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཆུ་ཁོངས་ཀྱི་རྒྱ་ཁྱོན་རྒྱུན་འཁྱོངས་དང་། ཆུ་མཁོ་འདོན་བྱེད་ནུས་འགན་ལེན། སྦགས་བཙོག་འགོག་བཅོས། མཚོ་སྲུང་སྐྱོང་བཅས་བྱ་ཆེད། 2019ལོར་ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་ཡར་འབྲོག་གཡུ་མཚོའི་སྲུང་སྐྱོང་སྲོལ་ཡིག》ལག་བསྟར་བྱས་པ་རེད།