ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་རང་བྱུང་སྲུང་སྐྱོབ་ཁུལ་ལ་དོ་དམ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་དོན་ནན་ཏན་ངང་སྤེལ་ཞིང་། ལོ་མང་འབད་བརྩོན་བྱས་པ་བརྒྱུད་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། བྱ་གག་དམར་སྐྱ། ཤྭ་བ་མཆུ་དཀར་སོགས་ཀྱིས་གཙོ་བོ་བྱས་པའི་རི་སྐྱེས་སྲོག་ཆགས་ད་ཆ་ས་རྒྱུ་གཤིན་པོར་ཅི་དགར་རོལ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མི་སེམས་འགུལ་བའི་རྣམ་པ་ཞིག་ངང་གིས་ཆགས།
འདི་ལོ་ལོ་59ལ་སླེབས་པའི་བསྟན་འཛིན་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་གི་རི་སྐྱེས་སྲོག་ཆགས་སྐོར་སྲུང་བ་ཞིག་ཡིན་ཞིང་། ཁོང་ནི་རི་སྐྱེས་སྲོག་ཆགས་ལ་སྐོར་སྲུང་བྱེད་ཡུན་རིང་ཤོས་ཡིན་པ་དང་སྐོར་སྲུང་ལས་ལ་གཞོལ་ནས་ལོ་12འགྲོ་གི་ཡོད།
“རི་སྐྱེས་སྲོག་ཆགས་ལ་སྐོར་སྲུང་གི་ལས་ཀ་དེར་ང་ཧ་ཅང་དགའ་པོ་ཡོད། ལོ་ལྟར་ད་ལྟའི་དུས་ཚོད་ནི་ང་ཚོ་བྲེལ་བ་ཆེ་ཤོས་དང་བདེ་སྐྱིད་ལྡན་ཤོས་ཀྱི་དུས་ཚོད་ཤིག་རེད། ཉིན་ལྟར་ཞོགས་པ་ང་ཚོས་སྦག་སྦག་བཞོན་ནས་སྲུང་སྐྱོབ་ཁུལ་དུ་སྐོར་གཡེང་བྱས་ཏེ་རི་སྐྱེས་འདབ་ཆགས་སྣ་ཚོགས་ཀྱི་འཚོ་སྡོད་གནས་ཚུལ་ལ་ལྟ་ཞིབ་བྱེད་ཀྱི་ཡོད། སྐོར་ཞིབ་ལས་དོན་སྤེལ་ཚུན། ངས་སྔ་རྗེས་སུ་རྨས་སྐྱོན་ཚབས་ཆེན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་4བསྐྱབས་པའི་ནང་ནས་གཅིག་ངའི་ཁྱིམ་དུ་ཟླ་བ་8ལྷག་ཙམ་བསྡད་པ་དང་དུས་ཚོད་ཐུང་ཤོས་དེའང་ཟླ་བ་1ལྷག་ཙམ་བསྡད་ཡོད། རི་སྐྱེས་འདབ་ཆགས་མང་དག་ཅིག་ལྷུན་གྲུབ་ཏུ་དགུན་སྒྲོལ་ལ་ཡོང་བ་མཐོང་སྐབས་ང་ཧ་ཅང་དགའ་པོ་འདུག དེ་ཐོག་ནས་ང་ཚོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་དོན་ལ་ཕན་འབྲས་དངོས་ཐོན་པ་མཚོན་ཡོད”ཅེས་བསྟན་འཛིན་གྱིས་དགའ་སྤྲོའི་ངང་བཤད།
ཁྲུང་ཁྲུང་སྐེ་ནག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཤིག་རེད་ལ་འཛམ་གླིང་ཐོག་ཁྲུང་ཁྲུང་ཁྱུ་ཚོགས་15ཡི་ཁྲོད་ནས་ས་མཐོར་འཚོ་སྡོད་ཐུབ་པའི་ཁྲུང་ཁྲུང་གི་རིགས་གཅིག་པུ་དེའང་རེད། ཁྲུང་ཁྲུང་སྐེ་ནག་གི་སྲུང་སྐྱོབ་ལས་དོན་སྔར་བས་ཡག་པོ་སྒྲུབ་ཆེད། ལྷུན་གྲུབ་རྫོང་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུབ་སྐྱོབ་ཁུལ(ལྷུན་གྲུབ་ཁུལ)དུ་ཁྲུང་ཁྲུང་སྐེ་ནག་ལ་ལྟོ་སྟེར་ས་10བཙུགས་ནས་སྲུང་སྐྱོབ་ཁུལ་གྱི་ཆེད་བསྐོས་སྐོར་སྲུང་བ་9ཡིས་མི་ཐབས་ལ་བརྟེན་ནས་ལོ་ལྟར་ནས་དང་གྲོ་རྒྱ་མ་ཁྲི་2ལྷག་ཙམ་སྟེར་ནས་ཁྲུང་ཁྲུང་སྐེ་ནག་ལ་དགུན་ཟས་འདང་ངེས་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད། མིག་སྔར་ལོ་ལྟར་ལྷུན་གྲུབ་རྫོང་ཁོངས་སུ་དགུན་སྒྲོལ་དུ་ཡོང་མཁན་ཁྲུང་ཁྲུང་སྐེ་ནག་2000ལྷག་ཙམ་ཡོད་པ་དེ་དག་གཙོ་བོ་མཁར་རྩེ་ཤང་དང་། མཚོ་སྟོད་ཤང་། བྱང་ཁ་ཤང་བཅས་སུ་གཅིག་སྡུད་བྱས་ཡོད། ས་ཁོངས་ནང་གི་སྟག་མགོ་རིའི་ཆུ་མཛོད་དང་། མཁར་རྩེ་ཆུ་མཛོད། དེ་བཞིན་འདམ་ར་མང་དག་ཅིག་ཁྲུང་ཁྲུང་སྐེ་ནག་གི་དགུན་སྒྲོལ་སྤྲོ་སྐྱིད་གླིང་དུ་གྱུར་ནས་ལོ་ལྟར་སྟག་མགོ་རིའི་ཆུ་མཛོད་ཀྱི་ཉེ་འགྲམ་དུ་དགུན་སྒྲོལ་དུ་ཡོང་མཁན་ཁྲུང་ཁྲུང་སྐེ་ནག་ཆིག་སྟོང་ལྷག་ཙམ་ཡོད། ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་ཐོག་འཚོ་སྡོད་དང་ས་མཐོར་རྒྱུད་སྤེལ་བྱེད་མཁན་ཁྲུང་ཁྲུང་གི་རིགས་གཅིག་པུ་དེའང་ཡིན་པས“ས་མཐོའི་ལྷ་མོ”ཞེས་པའང་བརྗོད་སྲོལ་ཡོད་ལ་མང་ཚོགས་ཀྱིས“བདེ་སྐྱིད་ཀྱི་བྱ”དང“བཀྲ་ཤིས་ཀྱི་བྱ”ཞེས་ཀྱང་འབོད་ཀྱི་ཡོད། ལྷུན་གྲུབ་རྫོང་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གནས་པ་དང་། སྐྱེ་ཁམས་ཁོར་ཡུག་བཟང་ལ་གནམ་གཤིས་ཡག་པོ་ཡོད་པས་དེ་གར་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱ་ཡུལ་ཡག་ཤོས་སུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་སྟེ། གཅིག་ནས་དུས་བཀག་ལྟར་ནགས་ཚལ་དང་། རྩྭ་ཐང་། འདམ་རའི་ཐོན་ཁུངས་བཅས་ལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། གཉིས་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་དང་སྐྱེ་ཁམས་སྲུང་སྐྱོབ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་གྱི་ཡོད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་ཕྱོགས་མང་པོའི་སྲུང་སྐྱོབ་འོག་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། གྲངས་གཞི་གསར་ཤོས་ལས་མངོན་གསལ། རང་ལྗོངས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་དུས་རབས་གོང་མར་སུམ་སྟོང་ཡང་མ་ཟིན་པ་ནས་ད་ཆ་ཁྲི་ལས་བརྒལ་ཡོད་པ་རེད།