ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཐོབ་པའི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་བཅུ་འདིའི་རིང་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་པོ་མུ་མཐུད་རྒྱུན་འཁྱོངས་བྱས་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྔར་བས་སྲ་བརྟན་དུ་སོང་བ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་སོང་བ་བཅས་བྱུང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་127བཏང་ནས《བོད་ཀྱི་སྐྱེ་ཁམས་བདེ་འཇཌ་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་དང“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ཤིང་འཛུགས་ནགས་བཟོའི་འདུ་འགོད་ལག་བསྟར་བྱས་པ། “ལྗོན་ཤིང་མེད་པའི་གྲོང་ཚོ”དང“ལྗོན་ཤིང་མེད་པའི་དུད་ཚང”ཁྱོན་ཡོངས་ནས་གཙང་སེལ་བཅས་བྱས་ཏེ་ནགས་ཚལ་ཁྱབ་ཚད་12.31%བར་མཐོ་རུ་སོང་བ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47.14%ཟིན་ཡོད།
སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩ་ཆེའི་བདག་མེད་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་བྱུང་ནས་མགོ་གྲངས་མང་དུ་སོང་བ་དང་། ཁྲུང་ཁྲུང་མཇིང་ནག་3000ཡང་མེད་པ་ནས་ཁྲི་1ལྷག་ཙམ་བར་མང་དུ་ཕྱིན་པ། གཙོད་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་པ། འགྲམ་དཀར་སྤྲེའུ་སོགས་སྲོག་ཆགས་རིགས་གསར་པ་5དང་ཏུང་ཀེ་འཇོལ་མོ་སོགས་ཐོ་མེད་སྲོག་ཆགས་རིགས་5ཤེས་རྟོགས་བྱུང་ཡོད། ནགས་ཚལ་དང་། རྩྭ་ཐང་། འདམ་ར། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་བཅས་ཀྱི་སྐྱེ་ཁམས་གུན་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ་སྲིད་ཇུས་དང་མཐུན་པའི་སྤྱི་ཕན་ནགས་ཚལ་གསར་པ་རྒྱལ་ཁབ་ཀྱི་གུན་གསབ་ཁྱབ་ཁོངས་ནང་འཇུག་རྒྱུར་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མཁའ་རླུང་དང་ཁོར་ཡུག་གི་སྤུས་ཚད་ཆ་སྙོམས་ལེགས་པའི་ཉིན་གྲངས་99%ཡན་རྒྱུན་འཁྱོངས་ཐུབ་པ་དང་། གཙང་མཚེའུ་གཙོ་བོའི་ཆུ་སྤུས་དག་ཚད་རིགས་Ⅲཡི་ཚད་གཞི་ལོན་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)གནས་ཡུལ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཆུ་སྤུས་དག་ཚད་100%ཟིན་པ། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད། མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། རང་ལྗོངས་ཀྱིས“ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད—བོད་ཀྱི་བྱ་སྤྱོད”ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། “མཛེས་སྡུག་ལྡན་པའི་ཀྲུང་གོ ང་ནི་ལག་བསྟར་བ་ཡིན”ཞེས་པའི་སྤྱི་དམངས་ཀྱི་སྐྱེ་ཁམས་ཤེས་དཔལ་འདུ་ཤེས་མཐོར་གཏོང་བྱ་སྤྱོད་སོགས་ལག་བསྟར་བྱས་པ། སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་ས་ཁོངས་ཡོངས་སུ་འཛུགས་གཏོད་ཧུར་ཐག་བཅས་བྱས་པས། གྲོང་ཁྱེར་དང་ས་ཁུལ་5དང་རྫོང་དང་ཆུས་6གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་བདེ་བླག་ངང་འཛུགས་གཏོད་བྱས་པ་དང་། རྫོང་1དང་ཤང་གྲོང་1གིས“རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པའི་ལག་ལེན་གསར་གཏོད་རྟེན་གཞི་བདེ་བླག་ངང་འཛུགས་གཏོད་བྱས་པ། རྫོང་དང་ཆུས་11དང་། ཤང་དང་གྲོང་རྡལ་91 གྲོང་ཚོ(སྡེ་ཁུལ)879བཅས་ལ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྱི་མིང་ཐོབ་པ་བཅས་བྱུང་ནས་སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཐུན་མོང་ཐོག་སེམས་ཁུར་བྱེད་པ་དང་དེའི་ནང་ཧུར་ཐག་ཞུགས་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།