ཚེས་30ཉིན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་དྲུག་པའི་ཐོག་གྲོས་ཞིབ་བྱ་རྒྱུར་ཐོག་མར་བསྐྱལ་ཞིང་། འདི་ནི་རང་རྒྱལ་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ཆེད་དོན་ཁྲིམས་འཛུགས་ཤིག་རེད། ཆེད་མངགས་བཅའ་ཁྲིམས་བཟོས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་དོན་གང་ཡིན་ནམ། བཅའ་ཁྲིམས་ཀྱི་འཆར་ཟིན་དེར་དོ་སྣང་བྱེད་དགོས་པའི་ནང་དོན་གང་དག་ཡོད་དམ།
འཆར་ཟིན་གྱི་གསལ་བཤད་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་མཚོ་བོད་ས་མཐོའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་258ཙམ་ཟིན་པ་དེ་བོད་ལྗོངས་དང་། མཚོ་སྔོན། ཤིན་ཅང་། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་6གི་འབྲེལ་ཡོད་རྫོང་དང་། གྲོང་ཁྱེར། ཆུས་བཅས་དང་འབྲེལ་བ་ཡོད། མཚོ་བོད་ས་མཐོ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་འགག་རྩའི་ཁུལ་དང་ཚོར་སྐྱེན་ཁུལ་ཞིག འཛམ་གླིང་ཐོག་རི་ཀླུང་འཁྱགས་རོམ་མང་བའི་ས་ཁུལ་དང་ཨེ་ཤེ་ཡའི་གཙང་པོ་དང་ཆུ་བོ་གལ་ཆེན་མང་པོ་ཞིག་གི་ཆུ་འགོ་བཅས་རེད། མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་ནུས་པའི་གནས་ཚུལ་དེས་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་། སྐྱེ་དངོས་སྣ་མང་ཅན། ཆུའི་ཐོན་ཁུངས་མཁོ་སྤྲོད། གནམ་གཤིས་མ་ལག་བརྟན་པོ་དང་ཐཱན་གྱི་གཏོང་ཡོང་མགོ་ཐུག་བཅས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ནས། རང་རྒྱལ་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་བདེ་འཇགས་ཁྲོད་ཐུན་མོང་མ་ཡིན་ལ་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད་པ་རེད།
འོན་ཀྱང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་གནད་དོན་དང་འགྲན་སློང་མང་པོ་འཕྲད་ཅིང་། རྩྭ་ས་ཞན་འགྱུར་སྔར་བཞིན་ཚབས་ཆེ་བ་དང་འཁྱགས་རོམ་ཞན་འགྱུར་གྱི་ཉེན་ཁ་ཚབས་ལྕི་རུ་འགྲོ་བཞིན་ཡོད། ས་ཆུ་ཤོར་བ་དང་ས་ཞིང་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་གནོད་འཚེ་ཅུང་ཆེ་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་གནོད་འཚེ་འཕྲད་པ། གནམ་གཤིས་ངན་པ་བསྟན་མང་དུ་སོང་བ། གནམ་གཤིས་ཀྱི་ཉེན་ཁ་དང་དེ་བཞིན་དེ་ལས་ཐོན་པའི་ཞོར་ཐོན་གནོད་འཚེའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་དང་སྐྱེ་ཁམས་ཀྱི་ཉེན་ཁར་ཁ་གཏད་གཅོག་པར། རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་བརྟེན་ནས་མཚོ་བོད་ས་མཐོའི་མ་ལག་སྲུང་སྐྱོང་དང་སྐྱེ་ཁམས་ཀྱི་བདེ་འཇགས་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ས་མཚམས་ཁྲིམས་ལྟར་སྲུང་དགོས།
འཆར་ཟིན་གྱི་གསལ་བཤད་ཐོག་ངོ་སྤྲོད་བྱས་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་ཀྱི་ལས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ནས། 2021ལོར་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བརྟག་ཞིབ་དང་ཁྲིམས་འཛུགས་ཀྱི་རིགས་པས་ཁུངས་སྐྱེལ་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། བརྟག་ཞིབ་དང་དཔྱད་དཔོག་སྙན་ཞུ་ཁག་8བཏོན་ཡོད་པ་རེད། བཅའ་ཁྲིམས་འཆར་ཟིན་འགོད་རིང་། ཁྲིམས་འཛུགས་ཀྱི་ངེས་གནས་གནད་འཁེལ་ངང་ཁོང་དུ་ཆུད་པ་དང་གཙོ་གནད་ནང་དོན་མངོན་གསལ་དོད་དུ་བཏང་བ་དང་། མཚོ་བོད་ས་མཐོའི་དམིགས་གཏན་འཁེལ་བ་དང་མངོན་གསལ་དོད་པའི་གནད་དོན་ལ་གཞིགས་ནས་དམིགས་བསལ་རང་བཞིན་གྱི་བྱེད་ཐབས་བཏོན་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་བཅའ་ཁྲིམས་ལམ་ལུགས་མ་ལག་གོ་རིམ་ལྡན་པའི་ངང་བཏོད་ཡོད། དེ་དང་ཆབས་ཅིག་འཆར་ཟིན་ནང་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་སྦྲེལ་མཐུད་ཡག་པོ་བྱེད་པར་སྣང་ཆེན་ཡང་བྱས་ཡོད།
བདུན་དང་ནང་གསེས་ཁག་དྲུག་བཅུ་རེ་བཞི་ཡོད་པའི་འཆར་ཟིན་ནང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་གཞི་རྩའི་རྩ་དོན་དང་། དོ་དམ་ལམ་སྲོལ་འཐུས་ཚང་། སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན། སྐྱེ་ཁམས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན། འགན་ལེན་དང་ལྟ་སྐུལ་འཐུས་ཚང་སོགས་ཀྱི་ནང་དོན་བཏོན་ཡོད།
འཆར་ཟིན་ནང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་གཞི་རྩའི་རྩ་དོན་གཏན་འཁེལ་བྱས་པ་དང་གཙོ་རྐང་ལ་དམིགས་ནས། སྐྱེ་ཁམས་སྲུང་སྐྱོང་དེ་ས་ཁོངས་འཕེལ་རྒྱས་ཀྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དང་གཅུན་སྡོམ་ནན་པོར་བརྩིས་ཡོད། འཆར་ཟིན་ནང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཐད་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་མཐུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་བྱུང་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ། རང་བྱུང་ཁམས་སླར་གསོ་མཐའ་འཁྱོངས་གཙོ་བོར་འཛིན་པ་དང་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་ཉམས་གསོ་བྱེད་པ། སྐྱེ་ཁམས་སྔོན་འཇོག་དང་། ལྗང་མདོག་འཕེལ་རྒྱས། སྤྱི་འདོམས་མཐུན་སྦྱོར། རིགས་དབྱེ་ཇུས་བསྟར། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན། མ་ལག་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།
མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ་འཛུགས་སྐྲུན་ལ་དམིགས་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མ་ལག་ལེགས་སུ་བཏང་ཞིང་། འཆར་ཟིན་ནང་མཚོ་བོད་ས་མཐོའི་རྒྱལ་ཁབ་ས་ཆའི་བར་མཐོངས་བེད་སྤྱོད་དང་རྒྱལ་ཁབ་ས་ཆའི་བར་མཐོངས་བེད་སྤྱོད་དོ་དམ་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་ཇུས་གཞི་དང་སྐྱེ་ཁམས་ཁོར་ཡུག་ཆོག་འཐུས་གསལ་ཐོ། རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་སྐྱོང་། ཐོན་ཁུངས་གསར་སྤེལ་ཆོག་འཐུས་སོགས་ལམ་ལུགས་དང་བྱེད་ཐབས་གཏན་འཁེལ་བྱས་པ་རེད།
མཚོ་བོད་ས་མཐོའི་མཐོ་གྲང་སྐྱེ་ཁམས་མ་ལག་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་སླར་གསོ་ནུས་ལྡན་ཡོང་བར་དམིགས་ནས་སྐྱེ་ཁམས་སྲུང་སྐྱོང་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་མཐོ་རུ་གཏོང་བ་དང་སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་དང་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཞིང་། འཆར་ཟིན་ནང་གཙང་པོ་དང་། མཚེའུ། རྩྭ་ཐང་། ནགས་ཚལ། འདམ་ར་སོགས་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་ཐད་གཏན་འབེབས་བྱས་ཡོད་པ་དང་། གཙང་གསུམ་ཆུ་འགོ་སོགས་ལྟེ་བའི་ས་ཁོངས་གཙོ་གནད་ཐོག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་མཚོ་བོད་ས་མཐོའི་རྩ་ཆེ་བ་དང་། སྟོངས་ལ་ཉེ་བ། ས་ཁོངས་སུ་དམིགས་སུ་ཡོད་པ་བཅས་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་རྨོ་ཞིང་སྲུང་སྐྱོང་དང་། ཐང་རྒོད་ཅན་དང་ས་ཆུ་ཤོར་བ་འགོག་བཅོས། ལྗང་མདོག་གཏེར་རི་འཛུགས་སྐྲུན་སོགས་ཀྱི་ལམ་ལུགས་དང་བྱེད་ཐབས་གཏན་འཁེལ་བྱས་ཡོད་པ་རེད།
གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱ་འགུལ་ལས་བྱུང་བའི་སྐྱེ་ཁམས་ཉེན་ཁར་དམིགས་ནས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་འཕྲོད་ཐུབ་པ་དང་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་མ་ལག་བསྐྲུན་ཞིང་། འཆར་ཟིན་ནང་གནམ་གཤིས་ཀྱི་འགྱུར་ལྡོག་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་དང་ཚོད་སྐོར་དང་། རང་བྱུང་གནོད་འཚེ་བརྟག་དཔྱད་གདེང་འཇོག་དང་ལྟ་ཞིབ་ཚད་ལེན་སྔོན་ཚུད་ཉེན་བརྡ། འཁྱགས་རོམ་དང་གངས་རི་གལ་ཆེན་བཀག་སྡོམ་དང་འཁྱགས་ས་སྲུང་སྐྱོང་། ལས་གྲྭ་གལ་ཆེན་གྱི་སྐྱེ་ཁམས་ཤུགས་རྐྱེན་ལྟ་ཞིབ་ཚད་ལེན། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ། ཕྱི་ཕྱོགས་དངོས་རིགས་ཀྱིས་ནང་འཛུལ་གནོད་སྐྱེལ་བྱེད་པར་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལམ་ལུགས་དང་བྱེད་ཐབས་གཏན་འཁེལ་བྱས་ཡོད་པ་རེད།
མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་སྲིད་ཇུས་རྒྱབ་སྐྱོར་དང་འགན་ལེན་ལ་ཤུགས་སྣོན་རྒྱག་ཆེད། འཆར་ཟིན་ནང་ད་དུང་ནོར་སྲིད་དང་། ཁྲལ་བསྡུ། དངུལ་རྩ། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་སོགས་རྒྱབ་སྐྱོར་སྲིད་ཇུས་ཁ་གསལ་བཟོས་ནས་སྤྱི་ཚོགས་ཀྱི་མ་རྩ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་དོན་ལ་འཇོག་རྒྱུར་སྐུལ་ལྕག་བྱས་པ་དང་ལས་རྗེས་གདེང་འཇོག་དཔྱད་ཞིབ་དང་། ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར། ཁྲིམས་འཛིན་འགན་ལེན། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་སོགས་ཀྱི་ལམ་ལུགས་དང་བྱེད་ཐབས་གཏན་འཁེལ་བྱས་པ་རེད།
འཆར་ཟིན་ནང་གསལ་བཤད་བྱས་དོན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྒྲིག་མ་ལག་གི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དེས་དམིགས་གཏན་འཁེལ་བའི་ས་ཁམས་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་དམིགས་བསལ་གྱི་ལམ་ལུགས་དང་བྱེད་ཐབས་ལག་བསྟར་བྱེད་པ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་ཉམས་གསོར་སྤྱི་འདོམས་སྐུལ་འདེད་གཏོང་བ། ལམ་ལུགས་ཀྱི་ཇུས་འགོད་མ་ལག་རང་བཞིན་དང་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པ། ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་། སྐུལ་འདེད། འགན་ལེན་བཅས་ཀྱི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱེད་པ། མཚོ་བོད་ས་མཐོའི་ས་ཁུལ་གྱིས་ཐོན་ཁུངས་ཁོར་ཡུག་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ་འགོག་ཟོན། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཐད་གནས་པའི་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སྤྱི་འདོམས་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས།