དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-08-15

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་གཙུག་རྒྱན་དུ་འགྱུར་བ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་དཔལ་ཡོན་དར་རྒྱས་ཡོང་བ་བྱ་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་གཙུག་རྒྱན་དུ་འགྱུར་བར་འབད་མུས་ལགས།

    བོད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པར་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་དུ་གཏོང་དགོས་པ་ལས་ཁོར་ཡུག་བློས་གཏོང་རྒྱུ་རིན་དོད་དུ་བྱེད་མི་རུང་། བོད་ཀྱི་སྐྱེ་ཁམས་ཉམས་ཞན་ཡིན་པ་མ་ཟད། མི་འབོར་མང་དུ་འགྲོ་བ་དང་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་གནོན་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད། ལྷ་སའི་བྱང་རྒྱུད་དུ་གནས་པའི་འདམ་གཞུང་རྫོང་གི་འབྲོག་ཁྱིམ་ཚང་མར་སྒོ་ཕྱུགས་མགོ་གྲངས་ཐོ་འགོད་ཀྱི་ཤོག་བྱང་ཞིག་ཡོད་པ་དེ་ནི་ཁྱིམ་ཚང་ཁག་གི་ས་ཆ་དང་རྩྭ་ཐང་གི་གནས་ཚུལ་ལ་གཞིགས་ནས་ས་གནས་དེ་གའི་སྲིད་གཞུང་གིས་ཁྱིམ་ཚང་རེར་གསོ་ཚགས་བྱེད་ཐུབ་པའི་ནོར་ལུག་གི་གྲངས་འབོར་གཏན་འབེབས་གསལ་པོ་བྱས་པ་ཞིག་རེད། ལས་དོན་མི་སྣ་ཞིག་གིས“ནོར་ལུག་མང་དུ་བཏང་ན་སྐབས་ཤིག་རིང་ཡོང་འབབ་མང་དུ་འགྲོ་སྲིད་མོད། འོན་ཀྱང་རྩྭ་ཐང་ལ་གཏོར་སྐྱོན་ཕོག་པ་ཡིན་ན་དེ་ནི་བུ་རབས་ཚ་རྒྱུད་ལ་གནོད་སྐྱོན་བཏང་བ་ཞིག་རེད”ཅེས་ངོ་སྤྲོད་བྱས།

    བོད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པར་སླར་གསོའི་འདུ་ཤེས་ཟབ་ཏུ་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་སྐྱེ་ཁམས་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་གྱི་མདུན་དུ་མི་རྣམས་ཀྱིས་རང་ངོས་ལ་ཚོད་འཛིན་བྱེད་དགོས་པ་མ་ཟད། རང་འགུལ་ངང་བྱ་སྤྱོད་ཀྱང་སྤེལ་དགོས། ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་ལག་བསྟར་དང་སྐུལ་འདེད་བཏང་བ་དང་བསྟུན་ནས་ལྷ་སའི་སྐྱེ་ཁམས་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། ད་ཆ་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་དེ་བོད་ཀྱི་ས་གནས་ཁག་གི“དར་སྲོལ་གསར་པར”གྱུར་ཡོད།

    བོད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པར་བེད་སྤྱོད་ཆུ་ཚད་མཐོ་རུ་བཏང་ནས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ལས་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་དགོས། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་མི་མང་པོ་ཞིག་གི་སྤྲོ་སེམས་འཕེལ་ནས་དེ་བས་མང་བ་རང་རྟོགས་ངང་དེའི་ནང་ཞུགས་ཏེ་རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་དུ་གྱུར་ཡོད།

    མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་འཕེལ་རྒྱས་ཡོང་བ་དང་འབྲེལ་བ་ཡོད་པས། སྙིང་རུས་གཏན་འཁྱོངས་ཀྱིས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད། དམངས་ཡོངས་དེ་བས་ཞུགས་ཏེ་ཆུ་ཐིགས་བསགས་ནས་རྒྱ་མཚོ་འཁྱིལ་བའི་དཔེ་ལྟར་སྐྱེ་ཁམས་སྲུང་སྐྱོང་གི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།