སྔོ་ལྗང་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས།
སྦྲ་ཆེན་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གྲུབ་འབྲས་ལ་ལྟ་སྐབས། དགའ་བ་སྐྱེ་འོས་པའི་གྲུབ་འབྲས་ཀྱི་གྲངས་གཞི་མང་པོ་ཞིག་མིག་ལམ་དུ་འཆར།
ཁོར་ཡུག་གི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད་ཅིང་། རྫོང་ཁོངས་ཀྱི་ཆུ་དང་། མཁའ་རླུང་། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་ཚང་མ་རྒྱལ་ཁབ་ཀྱི་གཏན་འབེབས་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་ཕན་འབྲས་དངོས་ཐོན་ཡོད།
བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་པ།
ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་འོས་འགན་ངང་སྡོང་ཕྲུག་རྐང་46959ལྷག་ཙམ་བཙུགས་པ་དང་། སྐྱས་སྤོས་རྩྭ་གསོའི་འདུ་འགོད་མུ་མཐུད་ལག་བསྟར་བྱས་ནས་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་1.11བཏབ་པ་དང་། ས་ནག་ཐང་མུའུ་ཁྲི་2.73བཅོས་སྐྱོང་བྱས་ཡོད། ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པར་བྱེད་པའི་ལས་དོན་གྱི་རྨང་གཞིའི་ཐོག་མ་དངུལ་སྒོར་ཁྲི་276.51བཏང་ནས་སྡོང་ཕྲུག་རྐང་7692ཉོས་ཏེ་ས་བབ་མཐོ་ཚད་སྨི་4300མན་གྱི“ལྗོན་ཤིང་མེད་པའི་ཚན་པར”ལྗོན་ཤིང་ཡོད་པར་བྱས་ཡོད།
“སྲུང་སྐྱོང་གཙོ་བོ་དང་བཅོས་སྐྱོང་འགག་རྩ་ཡིན”སྦྲ་ཆེན་རྫོང་གིས་སྲུང་སྐྱོང་དང་བཅོས་སྐྱོང་མཉམ་འཛིན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་རྫོང་ཡོངས་ཀྱི་སྔོ་ལྗང་རི་ཀླུང་རྟག་ཏུ་གནས་པ་དང་། དྭངས་གཙང་ཆུ་མོ་ཤང་ཤང་དུ་རྒྱུག་པ། རྟག་ཏུ་མཁའ་རླུང་གཙང་བ་བཅས་ཀྱི་སྐྱེ་ཁམས་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ཡོད། གཙང་པོའི་ནང་ནས་སྔོག་འདོན་བཅོས་སྒྲིག་གི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་བྱེ་མ་འདོན་མཚམས་བཞག་པའི་བྱེ་མ་སྔོག་འདོན་ར་བ་8ལ་སྐྱེ་ཁམས་སླར་གསོའི་ལས་དོན་བསྒྲུབས་པ་དང་། རྡོ་སོལ་ཁྲོ་ཐབ་ལ་ཆོག་འཐུས་ཚོད་འཛིན་བྱས་ཏེ་དྲོད་ལེན་རྡོ་སོལ་ཁྲོ་ཐབ་དེ“རྡོ་སོལ་ནས་གློག་ཏུ་སྒྱུར་བའི”ལས་དོན་ལ་ཁྲིད་སྟོན་བྱས་པ། “ཉེན་ཡོད་དངོས་རྫས་དང་། གཏེར་རོའི་མཛོད། ཉེན་ཡོད་རྫས་འགྱུར་ཐོན་རྫས”ལ་ཆེད་དོན་གྲལ་བཤེར་བྱས་ནས་རྫོང་ཡོངས་ཀྱི་རླངས་འཁོར་ཉམས་བཟོ་ཁང་34ཡིས་ཉེན་ཡོད་དངོས་རྫས་གནས་སྐབས་གསོག་ཉར་ཁང་དང་དེ་བཞིན་སྤྱིར་བཏང་གི་སྲ་གཟུགས་ཉེན་ཡོད་དངོས་རྫས་གནས་སྐབས་གསོག་ཉར་ཁང་ཚད་ལྡན་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་བྱས་པས་སྲིད་གཞུང་གིས་གཙོ་ཁྲིད་དང་། ཁེ་ལས་ཀྱིས་བསྡུ་རུབ། ཕྱོགས་གསུམ་པས་བརྒྱུད་འདྲེན་བཅས་ཀྱི་ཉེན་ཡོད་དངོས་རྫས་གཙང་སེལ་བྱེད་སྟངས་ལ་ཕན་འབྲས་རགས་ཙམ་ཐོན་ཡོད་ཅིང་། “ཐིག་གསུམ་དང་ཐོ་གཅིག”གི་དབྱེ་འབྱེད་གྲུབ་འབྲས་ནན་པོ་བསྲུངས་ཏེ་རྫོང་ཡོངས་སུ“མཐོ་གཉིས”ཀྱི་རྣམ་གྲངས་ནང་འདྲེན་བྱས་མེད་པ་རེད།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་གཏོད་པའི་ལས་དོན་སྣེ་ཁྲིད་དུ་བྱས་ཤིང། “མཛེས་སྡུག་ལྡན་པའི་སྦྲ་ཆེན་གསར་པ”འཛུགས་སྐྲུན་གྱི་དམིགས་ཚད་ལ་གཞིགས་ཏེ་སྦྲ་ཆེན་རྫོང་གིས་འཛུགས་གཏོད་ལས་དོན་གྱི་ལག་བསྟར་ཇུས་གཞི་བཟོས་ནས། ཤང་གྲོང་རྡལ་ཁག་དང་སྡེ་ཚན་ཁག་མཐུན་སྦྱོར་མཉམ་སྒུལ་ཡོང་བའི་འགན་ལེན་བྱས་ཏེ་མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་བཅས་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཤིང་། 2024ལོར་སླེབས་སྐབས་རྫོང་དང་། ཤང་གྲོང་རྡལ། གྲོང་ཚོ་དང་གྲོང་ལྷན་བཅས་ཚང་མ་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་འཛུགས་གཏོད་ལས་དོན་གྱི་ཚད་གཞིར་སླེབས་པར་བྱེད་རྒྱུ་རེད།
གྲུབ་ཆ་ལེགས་སྒྲིག་བྱས་ནས་འབྱུང་འཕྲོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
གླ་ཕུ་ཡར་ཐང་གྲོང་ཚོར་གནས་པའི་སྦྲ་ཆེན་རྫོང་དབུལ་སྐྱོར་སྡོང་ཕྲུག་རྟེན་གཞི་ནི་སྦྲ་ཆེན་རྫོང་གི་གྲོང་གསེབ་དར་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་རེད། ཐོན་ལས་རྣམ་གྲངས་ལག་བསྟར་བྱས་ཚེ་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་ཀྱི་བཀོད་པ་ལེགས་སྒྱུར་ཐུབ་ནས་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ། རི་སྔོན་ཆུ་དྭངས་དངོས་འབྲེལ་གསེར་རི་དངུལ་རིར་འགྱུར་ཐུབ། མིག་སྔར་རྣམ་གྲངས་དེའི་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་གཞི་ཁྱོན་ཁྱོན་བསྡོམས་མུའུ་200ཟིན་པ་དང་། རི་མཐོའི་ལྕང་མ་དང་། གསོམ་རིང་། སྒྲོན་ཤིང་སོགས་སྡོང་ཕྲུག་ཁྱོན་རྐང་30500བཏབ་ཡོད་པ་རེད།
གླ་ཕུ་ཡར་ཐང་གྲོང་ཚོའི་ཡུལ་མི་སྡོང་ཕྲུག་རྟེན་གཞིའི་ལག་རྩལ་བ་ཁྲའོ་ཅ་ཡིས“རྟེན་གཞིའི་སྡོང་ཕྲུག་ནི་འབྱུང་འཕྲོད་ཐོན་ལས་ངོ་མ་ཞིག་རེད། བྱེ་ཐང་དུ་ལྗོན་ཤིང་བཏབ་ཚེ་བྱེ་རླུང་འགོག་པ་དང་ས་རྒྱུ་ལེགས་སུ་འགྲོ་བ་མ་ཟད། ད་དུང་ང་ཚོར་ཡོང་འབབ་ཀྱང་རག་ཐུབ”ཅེས་བཤད།
དབྱར་རྩྭ་དགུན་འབུ་འཐུ་རྒྱུ་ནི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་འབབ་ཁུངས་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་སྲུང་སྐྱོང་དང་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་ཆེད། སྦྲ་ཆེན་རྫོང་གིས་ཚད་ལྡན་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་ནས“ལག་ཁྱེར་ལ་བརྟེན་ནས་སྔོག་འཐུ་དང་། དུས་ཚོད་གཏན་འཁེལ་གྱིས་སྔོག་འཐུ། སྔོག་འཐུ་བྱས་རྗེས་ལམ་སེང་ས་འགེབ་པ”སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་ཏེ་རྫོང་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་ལ་སྲིད་ཇུས་ཀྱི་འགན་ལེན་བྱས་པ་མ་ཟད། དབྱར་རྩྭ་དགུན་འབུའི་སྐྱེ་འཚར་ལ་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཞིག་ཀྱང་བཏོད་ཡོད་པ་རེད།
རྨང་གཞི་འཐུས་སྒོ་ཚང་དུ་བཏང་སྟེ་སྐྱེ་ཁམས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།
2021ལོར་སྦྲ་ཆེན་རྫོང་གིས་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁྱོན་གྲོང་གསེབ་ཀྱི་གསང་སྤྱོད་177ལ་སྒྱུར་བཀོད་ལེགས་སྒྲུབ་བྱས་པ་དང་། འདི་ལོ་སླར་ཡང་གྲོང་གསེབ་ཀྱི་གསང་སྤྱོད་374ལ་སྒྱུར་བཀོད་ལེགས་སྒྲུབ་བྱེད་རྩིས་ཡོད་པ་རེད།
གླ་ཤི་གྲོང་རྡལ་མཛོ་ཤོར་འགུལ་གྲོང་ཚོའི་གྲོང་མི་ཚེ་དབང་བཟང་པོས་གསར་འགོད་པར“ད་ཆ་ཁྱིམ་ཚང་ཚང་མར་སྤྱིར་ན་གསང་སྤྱོད་བརྒྱབ་ཡོད། ལ་ལས་ད་དུང་ཕོ་སྤྱོད་མོ་སྤྱོད་ལོགས་སུ་ཕྱེ་ནས་གསང་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་བཏང་བ་མ་ཟད། སྒེར་གྱི་གསང་དོན་ཡང་སྲུང་སྐྱོང་ཐུབ་ཡོད་ལ་གྲོང་ཚོའང་དེ་བས་གཙང་སྦྲ་དོད་དུ་ཕྱིན་ཡོད”ཅེས་བཤད།
ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་མ་དངུལ་སྒོར་ཁྲི་4400བཏང་ནས་སྦྲ་ཆེན་ཤང་དང་ལྕང་སྨད་ཤང་གི་འཚོ་བའི་གད་སྙིགས་བརྒྱུད་འདྲེན་ས་ཚིགས་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་3448.99བཏང་ནས་རྫ་གསེབ་གྲོང་རྡལ་དང་། དམར་རུ་ཤང་། བེན་ཐ་ཤང་བཅས་ཀྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱ་ཡུལ་གསར་པ་བསྐྲུན་པ། མ་དངུལ་སྒོར་ཁྲི་182.52བཏང་ནས་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་12ཀྱི་གནོན་བཙིར་རྣམ་པའི་གད་སྙིགས་རླངས་འཁོར་5དང་ལག་སྒུལ་རྣམ་པའི་གད་སྙིགས་རླངས་འཁོར་1ཉོས་ནས་ཤང་གྲོང་རྡལ་ཁག་གཅིག་གི་རྒྱུན་གཏན་གྱི་འཚོ་བའི་གད་སྙིགས་གཙང་སེལ་དང་སྐྱེལ་འདྲེན་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ། 《ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི》ལག་བསྟར་གཏིང་ཟབ་བྱས་ཏེ། འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལ་རྒྱུན་མཐུད་ལྟ་ཞིབ་ཚད་ལེན་བྱས་པ། གྲོང་གསེབ་ཀྱི་གཅིག་སྡུད་འཐུང་ཆུའི་ཆུ་འགོར་ཚད་ལྡན་ཅན་གྱི་དོ་དམ་ལག་བསྟར་བྱས་པ། དུས་བཀག་ལྟར་ལྟ་སྐུལ་ཞིབ་བཤེར་བཅས་བྱས་ཡོད།
“ང་ཚོའི་གྲོང་ཚོའི་ཆུ་ལམ་གྱི་ཆུ་དྭངས་ཤིང་གཙང་བར་གྱུར་བ་དང་། འགྱིག་ཤོག་སྦགས་བཙོག་རྩ་བའི་ཆ་ནས་མེད་པ། འཚོ་བའི་ཁུལ་དུ་གད་སྙིགས་གང་བྱུང་དུ་དབྱུགས་པའི་སྣང་ཚུལ་སྤྱིར་ན་ཐག་གཅོད་ཐུབ་ཡོད། ཁོར་ཡུག་ལ་གཅེས་སྐྱོང་བྱེད་པ་ནི་ང་ཚོའི་གྲོང་ཚོའི་ཡུལ་མི་མི་རེ་ངོ་རེའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་རེད”ཅེས་ཚེ་དབང་བཟང་པོས་བཤད། ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་ཤུགས་ཆེན་བཏོད་དེ། རྒྱུན་རྣམ་ཅན་ལ་བརྟེན་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་པས་གྲོང་གསེབ་དང་སྡེ་ཁུལ་དེ་བས་མང་བའི་ཁོར་ཡུག་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།