ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོའི་ཡུལ་ལྗོངས་གསར་རྐྱང་དུ་གྱུར་པ།
ཡར་ཀླུང་གཙང་པོ་དང་ཉང་ཆུའི་འབྲེལ་མཚམས་སུ་གནས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་རྟོག་ཞིབ་གནང་སའི་ས་ཚིགས་དང་པོ་དེ་རེད།
2021ལོའི་ཟླ་7ཚེས་21ཉིན་གྱི་སྔ་དྲོ་ཉིང་ཁྲིའི་སྨན་གླིང་གནམ་ཐང་དུ་ཕེབས་འབྱོར་ཟིན་མ་ཐག་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉང་ཆུ་གཙང་པོའི་ཟམ་ཆེན་དུ་ཕེབས་ནས་ཡར་ཀླུང་གཙང་པོ་དང་དེ་བཞིན་ཉང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་དང་། རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚེའུ། རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས། གཙང་པོ་དང་ཆུ་བོ་གཙོ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་བྱ་རྒྱུར་སྤྱི་འདོམས་བཅས་བྱས་ནས་དེ་གའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་མཁའ་སྤྲིན་འཁྲིགས་པ་དང་ཆུ་མོ་དྭངས་ཤིང་གང་སར་བྱ་བྱིའུ་ཡི་སྐད་སྒྲ་སྙན་པོ་སྒྲོག་ཅིང་། དེ་གར་གངས་ལྗོངས་ས་མཐོའི་དཔྱིད་དཔལ་རབ་ཏུ་བཞད། 2022ལོའི་ཟླ་4ཚེས་20ཉིན་དཔྱིད་ཀྱི་དཔལ་ཡོན་དང་བསྟུན་ནས་གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་ཡར་ཉང་འདམ་ར་བྲག་ཡིབ་ཡུག་ཁུལ་དུ་སྐྱོད་སྐབས་དེ་གར་ཆུ་བོ་ལང་ལོང་དུ་རྒྱུག་པ་དང་རྩི་ཤིང་སྔོ་ཐིང་ཐིང་དུ་སྐྱེས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་སྐབས་ཀྱི་རྣམ་པ་དང་མཚུངས།
“སྤྱི་ཁྱབ་ཧྲུའུ་ཅི་དེ་གར་བཞེངས་ནས‘རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚེའུ། རྩྭ་བྱེ་འཁྱགས་བཅས་ནི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ཡིན་པའི’འདུ་ཤེས་རྒྱས་བཤད་གནང་བ་དེ་ནི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་དེ་བས་གལ་འགངས་ཆེ་བ་ཞིག་རེད”དུས་ཡུན་ལོ་གཅིག་ཙམ་སོང་རྗེས་ཉིང་ཁྲི་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ཀྲེང་ཏུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡར་ཉང་འདམ་རར་རྟོག་ཞིབ་གནང་སྐབས་ཀྱི་གནས་ཚུལ་རྣམ་པ་ཡིད་ལ་ཝ་ལེར་འཆར་བ་དང་། ཡར་ཉང་འདམ་རའི་ལྗོངས་གཟིགས་སྒང་དུ་ཁོང་འགྲོ་གིན་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ནན་ཏན་དང་མངགས་བཅོལ་ཟབ་མོ་དྲན་གསོ་བྱས།
ཚན་རྩལ་ལ་བརྟེན་ནས་འདམ་རའི་གྲངས་གཞིར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ།
དུས་ཡུན་རིང་པོའི་ནང་འདམ་ར་སྲུང་སྐྱོང་གི་ཆེད་ལས་ལག་རྩལ་མི་སྣ་དཀོན་པའི་དབང་གིས་ཡར་ཉང་འདམ་རར་ཚན་ཞིབ་ལྟ་ཞིབ་ཚད་ལེན་དང་ཚན་རིག་ཁྱབ་གདལ་སློབ་གསོ་སོགས་ཀྱི་ཆུ་ཚད་མཐོ་པོ་མེད་པ་དང་འདམ་རའི་སྐྱེ་ཁམས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོ་མེད་པ་རེད།“འདམ་རའི་ནང་ཡང་སྙིང་ལྗོན་ཤིང་ག་ཚོད་ཡོད་པ་དང་འདབ་ཆགས་ཇི་ཙམ་ཡོད་མེད་ཐོག་མཐའ་བར་གསུམ་དུ་གསལ་པོ་ཞིག་མེད”ཅེས་ཉིང་ཁྲི་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་འདམ་ར་ཁོའོ་ཡི་ཁོའོ་ཀྲང་དབྱང་ཧུང་ཆིང་གིས་བཤད།
གནད་དོན་དེར་དམིགས་ནས་ཉིང་ཁྲི་གྲོང་ཁྱེར་འདམ་ར་སྲུང་སྐྱོང་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་གོ་ཚན་རིག་ཁང་དང་། ཝུའུ་ཧན་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་ཚན་ཞིབ་སྡེ་ཚན་དང་མཉམ་ལས་བྱས་ནས་འདམ་རའི་ཐོན་ཁུངས་བརྟག་དཔྱད་ལྟ་ཞིབ་མ་ལག་འཐུས་ཚང་དུ་བཏང་བ་དང་འདམ་ར་སྲུང་སྐྱོང་གི་ཚན་རྩལ་འདེགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་ཆབས་ཅིག་འདམ་རའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་ས་ཚིགས་བཙུགས་ནས་འདམ་རའི་སྐྱེ་ཁམས་གནས་ཚུལ་ལ་གདེང་འཇོག་དང་སྲོག་ཆགས་དང་རྩི་ཤིང་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་བྱས་པ་རེད།
ཡར་ཉང་འདམ་རའི་ལྟ་ཞིབ་ཚད་ལེན་ས་ཚིགས་22ཀྱི་ལྟ་ཞིབ་བྱས་འབྲས་ལས་མངོན་པར་གཞིགས་ན། འདམ་རའི་ནང་རྩི་ཤིང་རིགས་64ཡོད་པ་དང་། ལུག་མིག་རིགས་དང་། སེ་རྒོད་རིགས། ཧྲ་རྩྭ་རིགས། སྙེ་ཅན་རྩི་ཤིང་རིགས་བཅས་གཙོ་བོ་ཡིན་པ་དང་། འདབ་ཆགས་རིགས་57ཡོད་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རིགས་1དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་རིགས་7ཡོད་པ། འབུ་སྲིན་རིགས་154ཡོད་པའི་ནང་ཕྱེ་མ་ལེབ་དང་། སྦུར་བ། སྦྲང་ནོར་བུ་སོགས་ཚུད་ཡོད།
ལྟ་སྐུལ་དོ་དམ་རིམ་སྤོར་བྱས་ནས་འདམ་ར་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།
ཉིན་ལྟར་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ“ལས་གོས་སྔོ་ཅན”ཁྱུ་གཅིག་ཡར་ཉང་འདམ་རའི་ཁྲོད་ནང་འགྲོ་ཚུར་འོང་བྱེད་ཅིང་། འཇབ་ཙེ་གཅིག་དང་། གད་སྙིགས་ཁུག་མ་གང་། ལས་གོས་སྔོན་པོ་བཅས་ནི་ཁོང་ཚོའི་རྒྱུན་གཏན་གྱི་རྣམ་པ་ཡིན་པ་དང་དེ་དག་ནི་ཡར་ཉང་འདམ་རའི་བདག་སྐྱོང་བ་རེད།
“སྐོར་གཡེང་ཐེངས་གཅིག་བྱེད་པར་ཆུ་ཚོད་3ལྷག་ཙམ་འགོར་གྱི་ཡོད་མོད། འོན་ཀྱང་དྲག་ཆར་རླུང་འཚུབ་འཕྲད་ཀྱང་ཁོང་ཚོས་ལས་མཚམས་འཇོག་མྱོང་མེད”ཅེས་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོའི་གྲོང་མི་ཕུར་བུས་ངོ་སྤྲོད་བྱས་པ་དང་བདག་སྐྱོང་དཔུང་ཁག་ནི་2019ལོའི་ཟླ་བདུན་པར་བཙུགས་པ་དང་ཁོངས་མི་ཚང་མ་མཐའ་འཁོར་ཤང་གྲོང་5ཡི་གྲོང་ཚོ་22ནས་ཡིན་ཞིང་། འགན་འཁྲི་གཙོ་བོ་ནི་གད་སྙིགས་གཙང་སེལ་དང་། རི་སྐྱེས་སྲོག་ཆགས་ལ་རོགས་སྐྱོབ་བྱེད་པ། རྐུ་རྔོན་དང་བྱེ་རྡོ་བཀག་འགོག་བྱ་རྒྱུ་བཅས་རེད།
ཕུར་བུ་དང་འདྲ་བའི་བདག་སྐྱོང་པ་བྲག་ཡིབ་ཁུལ་ཁོ་ནར་70ཡོད། “ང་ཚོས་དོན་དངོས་དང་ཟུང་འབྲེལ་གྱིས‘དོ་དམ་ཅུས་དང་། ཤང་གྲོང་། གྲོང་ཚོ་དང་གྲོང་ལྷན’བཅས་ཟུང་དུ་འབྲེལ་བའི་དོ་དམ་བྱེད་སྟངས་ལག་ལེན་བསྟར་ནས་རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་མང་ཚོགས་ཀྱི་སྐོར་གཡེང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་རིམ་པ་བཞིན་འདམ་ར་དོ་དམ་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་ནས་སྐོར་གཡེང་དོ་དམ་གྱི་ཁུག་ཆ་མི་ལུས་པ་དང་། ཕྱི་ཚུལ་ཙམ་མིན་པ། འདམ་རའི་དོ་དམ་འགན་འཁྲི་ནན་དུ་བཏང་བ་བཅས་བྱས་ཡོད”ཅེས་ཡར་ཉང་འདམ་རའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཚེ་རིང་སྒྲོལ་མས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡར་ཀླུང་གཙང་པོའི་ཆུ་རྒྱུད་ནི་བྱུང་བར་དཀའ་བའི་ན་ཁ་དང་གློ་བ་ལྗང་ཁུ་ལྟ་བུ་ཞིག་རེད། དེའི་སྐྱེ་ཁམས་ད་དུང་ཉམས་ཞན་ཡིན་པས་སྲུང་སྐྱོང་གཙོ་བོར་བཟུང་སྟེ“ས་གཙང”དེར་མཉམ་དུ་སྲུང་སྐྱོང་བྱེད་པའི་བྱ་བ་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།
ཉེ་བའི་ལོ་གཅིག་ཙམ་རིང་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས“སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་ཉིང་ཁྲིའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་གི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་བ་རེད།
“གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་ཐབས་ཇུས་བཀོད་སྒྲིག་ལྟར་ཚུགས་གནས་མཐོ་ས་ནས་བཀོད་ཇུས་བྱེད་པ་དང་། གནད་སྨིན་ཇུས་བསྟར་བྱེད་པ། དོན་འཁྱོལ་ནུས་ལྡན་བཅས་བྱས་ནས་ཡར་ཉང་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་གི་ཡིན”ཞེས་ཀྲེང་ཏུའུ་ཡིས་བཤད།
དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཁེ་སྤོགས་མཉམ་སྤྱོད་བྱེད་པ།
“ཁོར་ཡུག་ལེགས་སུ་དང་མཁའ་རླུང་གཙང་དུ་ཕྱིན་ནས་འཚོ་བ་ཡང་སྐྱིད་དུ་ཕྱིན་སོང”ཞེས་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོར་སྡོད་པའི་གྲོང་མི་ཟླ་བས་སྔོ་ཐིང་ཐིང་གི་ཡར་ཉང་འདམ་རར་ལྟ་བཞིན་དགའ་ཚོར་ཆེན་པོས་གསར་འགོད་པར་བཤད།
2009ལོའི་ཟླ་7པར《ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྤྱིའི་འཆར་འགོད》ལ་རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་གི་ཁོངས་སུ་གཏོགས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་པ་དང་། ཡར་ཉང་འདམ་རར་རིམ་བཞིན་སྐྱེ་སྟོབས་ཀྱི་དཔལ་འབར་ནས་སྔོ་ཐིང་ངེར་གྱུར།
2016ལོར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དོ་དམ་ཅུས་ཀྱི་སྒོ་བྱང་བཀལ་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་3010བཏང་སྟེ་ཡར་ཉང་འདམ་ར་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་དང་ནགས་ལས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཁ་གསབ་རོགས་སྐྱོར་སོགས་འདམ་ར་སྲུང་སྐྱོང་ཉམས་གསོའི་འདུ་འགོད་4སྔ་རྗེས་སུ་ལག་བསྟར་བྱས་པ་དང་འབྲེལ་འདམ་རའི་སྤྱི་གླིང་དོ་དམ་ས་ཚིགས་དང་། དྲིལ་བསྒྲགས་བྱང་བུ། ས་མཚམས་དབྱེ་རྟགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པས་འདམ་རའི་སྲུང་སྐྱོང་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་ཡོད་པ་རེད། མིག་སྔའི་བར་སྔོ་ཁེབས་སླར་གསོ་ཐུབ་པའི་རྒྱ་ཁྱོན་མུའུ་1839ཟིན་པ་དེས་འདམ་རའི་སྤྱིའི་རྒྱ་ཁྱོན་གྱི་21%བཟུང་ཡོད།
དེ་དང་ཆབས་ཅིག་འདམ་རའི་ཉེ་འཁོར་གྱི་གྲོང་མིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་དང་ལེན་ཞུས་ནས་བྱེ་འགོག་ནགས་བཟོའི་ལས་གྲྭར་ཧུར་ཐག་ཞུགས་པའི་ནང་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོ་མངོན་གསལ་དོད་ཤོས་ཡིན་པ་རེད། 2008ལོར་མཆོག་ཚེ་རིང་གིས་འཐུས་མི་བྱས་པའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་མང་ཚོགས་ཀྱི་བདེ་ཐང་ཨང་དང་པོར་བཞག་ནས་ལོ་ལྟར་མུའུ་2000ནས་5000བར་གྱི་ཤིང་འཛུགས་ལས་འགན་བཟོས་ཏེ་ད་བར་བར་མཚམས་འཇོག་མྱོང་མེད་པ་རེད། “གྲོང་ཚོ་དེ་ཡོངས་ཀྱིས་ལོ་བཅུ་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་ང་ཚོའི་གྲོང་ཚོར་ལྗོན་ཤིང་ཁྲི་བཅུ་ཕྲག་ཁ་ཤས་བཏབ་པ་དང་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་7ཙམ་ཟིན་ཡོད”ཅེས་མཆོག་ཚེ་རིང་གིས་སྤོབས་པ་ཆེན་པོས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་རྒྱལ་ཁབ་ཀྱིས་ཡར་ཉང་འདམ་ར་ཚུད་པའི་ཡར་ཀླུང་གཙང་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་ནང་བཅུག་ནས་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་འབྱུང་རྩ་ནས་སྐྱེ་ཁམས་སླར་གསོ་དང་། གཞུང་ཆུའི་ཆུ་ལམ་བཅོས་སྒྲིག འབབ་རྒྱུད་ཀྱི་ཤིང་འཛུགས་ནགས་བཟོ། བྱེ་འགོག་བྱེ་བཅོས་སོགས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་རབ་དང་རིམ་པ་སྔ་རྗེས་སུ་ལག་བསྟར་བྱས་པས་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། མིག་སྔར། ཡར་ཀླུང་གཙང་པོ་འབབ་རྒྱུད་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་ཚད་99.4%ཟིན་པ་དང་། ཆུ་སྤུས་ཆ་སྙོམས་ཚད་ལོན་པའམ་ཡང་ན་རིགས་གསུམ་པའི་ཚད་གཞི་ལས་ལེགས་པ་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣