དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཉིང་ཁྲི་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱིས་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ་རི་སྐྱེས་སྲོག་ཆགས་གསའ་མྱུར་སྐྱོབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-08

     ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་ཁེ་ནང་གྲོང་ཚོར་གྲོང་མིའི་ཁྱིམ་དུ་ཟས་འཚོལ་དུ་ཡོང་མཁན་གསའ་ཞིག་ཉེན་ཁའི་གནས་སུ་གྱར་བའི་གནས་ཚུལ་ཐོན་པ་རེད། ཉིང་ཁྲི་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ལ་བྲག་ཡིབ་ཆུས་ནགས་ལས་རྩྭ་ཐང་ཅུས་ཀྱི་སྙན་སེང་འབྱོར་རྗེས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ས་ཚིགས་ཀྱི་ཆེད་ལས་རོགས་སྐྱོབ་མི་སྣ་འཕྲལ་མར་མྱུར་སྐྱོབ་བྱེད་པར་བཀོད་སྒྲིག་བྱས་པ་རེད།

    ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་པ་དང་འབྲེལ་མང་ཚོགས་ཀྱི་ས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གསའ་དེ་ཁེ་ནང་གྲོང་ཚོའི་དུད་ཚང་ཞིག་གི་སྒོ་རའི་ནང་འཛུལ་ནས་སྒོ་ཕྱུགས་ཟ་རྩིས་བྱེད་བཞིན་པ་གྲོང་མིས་མཐོང་ནས་ཕྱིར་ཕུད་པ་དང་། བྲོས་འགྲོ་རིང་སྒོ་རའི་འགྲམ་གྱི་ལྕགས་རའི་ནང་གསའ་དེ་བྲོས་མ་ཐུབ་པར་ཉེན་ཁའི་གནས་སུ་གྱར་བ་རེད། གསའ་ཡི་རང་གཤིས་རྩུབ་ལ་ཕར་རྒོལ་རང་བཞིན་ཆེ་བ་དང་ཉེ་འཁོར་དུ་མང་ཚོགས་ཅུང་མང་བའི་དོན་དངོས་ལ་བསམ་གཞིག་བྱེད་པ་དང་། གསའ་ལ་འཇིགས་སྣང་ཕོག་ནས་མང་ཚོགས་ལ་གནོད་འཚེ་མི་ཕོག་པ་བྱ་ཆེད། ལས་དོན་མི་སྣས་གསའ་ལ་སྦྲིད་སྨན་བརྒྱབ་པ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་བསྡུ་ཉར་སྨན་བཅོས་སྲོག་སྐྱོབ་ས་ཚིགས་སུ་བསྐྱལ་ནས་གཟུགས་པོ་ཡོངས་ལ་བརྟག་དཔྱད་བྱས་པ་རེད།

    ཕྱུགས་རིགས་སྨན་པས་བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད། གསའ་དེ་ནི་ཕོ་ཡིན་ཞིང་། ལོ་16ནས་18བར་སླེབས་ཀྱི་ཡོད་པ་དང་། སོ་ཟད་པ་མ་ཟད་ལག་པ་གཡས་པ་ཐང་པོ་མེད་ལ། ཕྱི་རོལ་དུ་ཟས་འཚོལ་བར་འགྲོ་བར་དཀའ་ངལ་ངེས་ཅན་ཡོད་ཅིང་། ཡུན་རིང་ཟས་མ་རག་པའི་དབང་གིས་གཟུགས་པོ་སྐྱོ་པོ་ཡོད་པ་ལས། རྨས་སྐྱོན་དང་ནད་གཞི་གཞན་དག་ཕོག་མེད་པ་རེད། སྨན་བཅོས་སྲོག་སྐྱོབ་ལས་དོན་གྱི་ཆེད་ལས་རང་བཞིན་དང་ཚན་རིག་རང་བཞིན་འགན་ལེན་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱིས་དུས་ཐོག་ཏུ་བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་སྤེལ་རེས་བློ་འདྲི་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་དྲག་སྐྱེད་གསོ་ཚགས་དང་བསྡུ་ཉར་སྨན་བཅོས་སྲོག་སྐྱོབ་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་མ་ཟད། གསའ་ཡི་དུས་མཇུག་གི་སླར་གསོ་དང་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།