དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-05-29

    2010ལོ་ནས་བཟུང་། བོད་ཀྱིས་ལྗོངས་ཡོངས་སུ་མི་ཐབས་རྩྭ་འདེབས་ཀྱི་རྣམ་གྲངས་ཁྱབ་གདལ་བཏང་ནས་རྩྭ་ཕྱུགས་དབར་གྱི་འགལ་བ་ལས་བྱུང་བའི་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་གནད་དོན་ཞི་ལྷོད་དུ་གཏོང་བ་དང་། འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། རྩྭ་ཐང་ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་ཆུང་དུ་གཏོང་བ་བཅས་བྱས་པས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོབ་ཡོད་པ་རེད།

    “ས་བབ་མཐོ་པོ་འདི་འདྲར་རྩྭ་འདེབས་ཐུབ་པ་དངོས་ནས་བསམ་ཡུལ་ལས་འདས་སོང”

    ཉིན་ཤས་གོང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་པའི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་མི་ཐབས་རྩྭ་འདེབས་རྟེན་གཞིར་ལས་དོན་མི་སྣས་རྩྭ་སོན་དང་ལུད་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ས་བབ་མཐོ་ལ་གནམ་གཤིས་གྲང་ངར་ཆེ་བའི་རྐྱེན་གྱིས་དེ་གར་ཟླ་བ་བཞི་པར་ས་རྒྱུ་ད་དུང་འཁྱགས་པ་ཐེབས་ཡོད་པ་དང་ཟླ་བ་ལྔ་པའི་ཟླ་མཇུག་ཏུ་གཞི་ནས་རྩྭ་དངོས་སུ་འདེབས་ཐུབ་ཀྱི་ཡོད།

    “ས་བབ་མཐོ་པོ་འདི་འདྲར་རྩྭ་འདེབས་ཐུབ་པ་དངོས་ནས་བསམ་ཡུལ་ལས་འདས་སོང་། འདི་གར་ཡུག་པོའི་སྡོང་རྐང་ལ་ཆ་སྙོམས་བྱས་ན་སྨི་1.5ཡོད་པ་དང་མཐོ་ཤོས་ལ་སྨི་1.7ཟིན་གྱི་ཡོད”ཅེས་ནག་ཆུ་གྲོང་ཁྱེར་རྩྭ་ཐང་ས་ཚིགས་ཀྱི་འབྲོག་ལས་མཁས་ཅན་ཡན་ཅུན་གྱིས་བཤད་ཅིང་། ཁོང་གིས། 2021ལོར་ང་ཚོས་ཉི་མ་རྫོང་གི་མུའུ་ཁྲི་ཡི་སྐྱེ་ལྡན་གཟན་རྩྭ་རྟེན་གཞིར་ལས་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དང་ས་ཁོངས་ཧྲིལ་པོར་མི་ཐབས་རྩྭ་འདེབས་དཔེ་དབྱིབས་བཏོད་ནས་ནག་ཆུའི་རྩྭ་ཐང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་དང་རྩྭ་ཐང་སླར་གསོ་བྱེད་མགྱོགས་སུ་བཏང་ཡོད་ཅེས་བཤད།

    ནག་ཆུ་གྲོང་ཁྱེར་རྩྭ་ཐང་ས་ཚིགས་ཀྱི་ཀྲན་ཀྲང་མཐོ་རིམ་ཕྱུགས་ལས་ཆེ་མོ་བ་བསྟན་ཆོས་ནོར་བུས་ཚོགས་པའི་སྣེ་ཁྲིད་དེ་དུས་ཡུན་རིང་པོའི་ནང་ཕྱུགས་རྩྭའི་སོན་འདྲེན་ལེགས་འདེམས་ལས་དོན་ལ་གཞོལ་ཞིང་།ལོ་10ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། ཁོ་ཚོས་ལྗོངས་ཕྱི་ནང་ནས་གཟན་རྩྭ་སྣ་ཁ་100ལྷག་ཙམ་ནང་འདྲེན་བྱས་པའི་ནང་ནག་ཆུའི་ས་ཁོངས་མི་འདྲ་བར་འདེབས་པར་འཚམ་པའི་གཟན་རྩྭ་སྣ་ཁ་19གྲུབ་འབྲས་ཐོབ་པའི་ངང་བདམས་པ་དང་སྦྲགས། 2021ལོར་སྤུས་ཀ་ལེགས་ལ་ཐོན་འབབ་མང་བའི་ཡུག་པོ་སྣ་ཁ་མུའུ་ཁྲི་5ལྷག་ཙམ་གཅིག་སྡུད་ཡུག་སྦྲེལ་གྱིས་ཁྱབ་གདལ་བཏང་བ་མ་ཟད། ཁང་པའི་རྒྱབ་མདུན་ཚང་མར་མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་4.6བཏབ་ཡོད་པ་རེད།

    “ད་ཆ་ནོར་ལུག་གི་གྲོད་པ་རྒྱགས་པ་མ་ཟད། ང་ཚོའི་གྲོང་ཚོའང་མཛེས་སྡུག་ལྡན་པར་གྱུར་ཡོད”

    ཧི་མ་ལ་ཡའི་བྱང་འདབས་སུ་གནས་པའི་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ཉེ་རུ་སྟོད་ཤང་དུ་ལས་མི་ཚོ་མུའུ་ཁྲི་ཡི་མི་ཐབས་རྩྭ་འདེབས་རྟེན་གཞིར་གྲལ་སྟར་འགྲིག་པོས་རྩྭ་འདེབས་བཞིན་ཡོད་པས་གང་སར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

    “འདི་ལོ་ང་ཚོས་རྩྭ་འབུ་སུ་ཧང་དང་ཡུག་པོ་སོགས་མུ་མཐུད་འདེབས་རྩིས་ཡོད” ཉེ་རུ་སྟོད་ཤང་གི་ཤང་ཀྲང་ཀརྨ་བསྟན་དར་གྱིས། ལོ་དྲུག་རིང་ཉེ་རུ་སྟོད་ཤང་གིས་མི་ཐབས་རྩྭ་འདེབས་རྟེན་གཞི་མུའུ་ཁྲི་2.3གསར་སྦོལ་བྱས་པ་དང་། ད་དུང་དེ་དང་ཆ་ལག་ཚང་བའི་ལུག་གསོ་ཚགས་ལས་རིགས་དང་གཟན་ཆག་ཐོན་སྐྱེད་བརྒྱུད་རིམ་བསྐྲུན་པས། གྲོང་ཚོ་དེ་བས་སྔོ་ལྗང་དང་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད་ལ། མང་ཚོགས་ཀྱི་ཡོང་འབབ་ཀྱང་འཕར་ཡོད་པ་རེད།

    ལོ་41ལ་སླེབས་པའི་དགྲ་འདུལ་ནི་ཉེ་རུ་སྟོད་ཤང་དགོན་པ་གྲོང་ཚོའི་ཡུལ་མི་ཡིན་པ་དང་། དེ་སྔ་ལོ་གཅིག་ནས་ཟླ་བ་གཉིས་གསུམ་ཙམ་ཕྱིར་གླ་པ་རྒྱུག་པར་འགྲོ་བ་དང་དེ་མིན་གྱི་དུས་ཚོད་ཁྱིམ་དུ་ཞིང་ལས་བྱས་ནས་སྡོད་ཀྱི་ཡོད་པས། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1ཙམ་ལས་ཡོང་གི་མེད། མཉམ་ལས་ཁང་ཡོད་པ་ནས་བཟུང་། དགྲ་འདུལ་སྔོན་ཆད་ལས་བྲེལ་བ་ཆེ་རུ་ཕྱིན། “ངས་ད་ཆ་མཉམ་ལས་ཁང་དུ་གཙོ་བོ་ལུག་ལ་གཡོག་བྱེད་བྱེད་ཀྱི་ཡོད་པས། ཟླ་རེར་གླ་ཆ་སྒོར་4500ཡོད་པ་དང་ལོ་མཇུག་ཏུ་ད་དུང་ཁེ་སྤོགས་བགོ་བཤའ་རག་གི་འདུག”ཅེས་དགྲ་འདུལ་གྱིས་དགའ་ཚོར་ཆེན་པོས་བཤད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས“སྲིད་ཇུས་ཀྱིས་ཁྲིད་སྟོན་དང་། རྣམ་གྲངས་ལ་སྐུལ་འདེད། ལག་རྩལ་གྱི་སྐུལ་འདེད། དཔེ་མཚོན་གྱིས་སྣེ་ཁྲིད”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། མི་ཐབས་རྩྭ་འདེབས་དང་། རྩྭ་འདེབས་ས་གསོ། རྩྭ་འདེབས་ཕྱུགས་གསོ། ནགས་རྩྭ་སྣོལ་འདེབས། བྱེ་འཇགས་ཆུ་འདུས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། མིག་སྔར་ལྗོངས་ཡོངས་སུ་མི་ཐབས་ལ་བརྟེན་ནས་བཏབ་པའི་རྩྭ་མུའུ་ཁྲི་157ཟིན་ཡོད་པ་རེད།

    “རྩྭ་རྐང་རེ་རེའི་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་འདོན་སྤེལ་བྱེད་ཀྱི་ཡིན”

    བོད་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས(བོད་རང་སྐྱོང་ལྗོངས་རྒྱང་ཚོར་ཉེར་སྤྱོད་ཞིབ་འཇུག་ལྟེ་གནས)ཀྱི་ཀྲུའུ་རེན་སྤེན་རྡོར་གྱིས། མི་ཐབས་ལ་བརྟེན་ནས་རྩྭ་བཏབ་པ་ལས་རྩྭ་ཕྱུགས་ཀྱི་འགལ་བ་སེལ་བ་དང་། འབྲོག་ལས་འཕེལ་རྒྱས་ཀྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བཤད།

    བོད་ལྗོངས་ས་མཐོའི་རྩྭ་ལས་འདུ་འགོད་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡུས་ཁྲེང་ཆུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་དུ་རྩྭ་ཐང་ཞན་འགྱུར་དང་། བྱེ་འགྱུར། ཐང་རྒོད་དུ་འགྱུར་བ་སོགས་ཀྱི་ཁོར་ཡུག་གི་གནད་དོན་ཕྲད་ཡོད། མི་ཐབས་རྩྭ་འདེབས་ལ་ཕྱུགས་རྩྭའི་ཐོན་འབབ་དང་། སྤུས་ཚད། དེ་བཞིན་རང་བྱུང་གི་རྐྱེན་རྩ་འགོག་པ། ས་ཁོངས་ཀྱི་ས་ཆུ་སྲུང་འཛིན། གཟན་རྩྭའི་ཐོན་ཁུངས་བརྟན་པོ་ཡོང་བའི་འགན་ལེན་སོགས་ལ་ལེགས་ཆ་མངོན་གསལ་དོད་པོ་ལྡན་ཡོད། ཞིབ་འཇུག་བྱས་པ་ལས་མངོན་དོན། རྩྭ་ཡོད་ས་དང་མེད་ས་གཉིས་བསྡུར་ཚེ། ས་ངོས་ཀྱི་བཞུར་རྒྱུག་གི་ཚད་47%ཉུང་དུ་དང་ཆུ་འདེད་ཚད་77%ཉུང་དུ་འགྲོ་ཡི་ཡོད། མི་ཐབས་ལ་བརྟེན་ནས་བཏབ་པའི་རྩྭ་སྐྱེ་ཚད་མགྱོགས་པས་མི་ཐབས་ལ་བརྟེན་ནས་རྩྭ་གཞི་ཁྱོན་ཆེན་པོས་བཏབ་ཚེ། རླུང་གིས་ས་རྒྱུར་བསླད་སྐྱོན་ཕོག་ཚད་ཉུང་དུ་ནུས་ལྡན་གཏོང་ཐུབ་པ་མ་ཟད། ས་རྒྱུ་བྱེ་འགྱུར་ལ་ཡང་ཁ་གཏད་ནུས་ལྡན་གཅོག་ཐུབ་ཀྱི་ཡོད་པ་རེད།

    “མི་ཐབས་རྩྭ་འདེབས་ལས་རང་བྱུང་རྩྭ་ར་ཉམས་པ་སོར་ཆུད་བྱུང་བ་དང་ཆབས་ཅིག ཕྱུགས་རྩྭའི་ཐོན་ཚད་དང་། སྤུས་ཚད། རང་བྱུང་གི་རྐྱེན་རྩ་འགོག་པ། ས་ཁོངས་ཀྱི་ས་ཆུ་སྲུང་འཛིན་སོགས་ཀྱི་ཐད་ནུས་པ་མངོན་གསལ་དོད་པོ་ཐོན་གྱི་ཡོད” གོམ་སྟབས་རྗེས་མར་ང་ཚོས་རྒྱང་ཚོར་ལག་རྩལ་ལ་བརྟེན་ནས་མི་ཐབས་རྩྭ་འདེབས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། རྒྱང་ཚོར་ལག་རྩལ་ལ་བརྟེན་ནས་རྩྭ་སོན་གྱི་འཚམ་མཐུན་རང་བཞིན་ལ་གདེང་འཇོག་བྱེད་པ་སོགས་ཀྱི་ཐད་ཞིབ་འཇུག་དང་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་གི་ཡིན། “མི་ཐབས་རྩྭ་འདེབས་མ་བྱས་གོང་། གནམ་གཤིས་ཀྱི་འཚམ་མཐུན་རང་བཞིན་གྱི་གདེང་འཇོག་ལས་དོན་སྤེལ་ནས་རྨོངས་ཚོད་ངང་རྩྭ་མི་འདེབས་པ་དང་དགོས་མཁོ་ལྟར་རྩྭ་འདེབས་པའི་འགན་ལེན་བྱས་ཏེ། རྩྭ་རྐང་རེ་རེའི་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་འདོན་སྤེལ་བྱེད་ཀྱི་ཡིན”ཞེས་སྤེན་རྡོར་གྱིས་བཤད།

    《མི་དམངས་ཉིན་རེའི་ཚགས་པར》གྱི་2020ལོའི་ཟླ་5ཚེས་11ཉིན་གྱི་པར་ངོས་14ལས་དྲངས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།