འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་ཡིན་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2021ལོའི་ཟླ་7ཚེས་21ཉིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་རྟོག་ཞིབ་གནང་ནས་གྲོང་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས་པ་རེད། ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཟླ་བ་རྒྱལ་མཚན་ལ་བསྐྱར་དུ་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།
【སྤྱི་ཁྱབ་ཧྲུའུ་ཅི་མཇལ་བའི་རྣམ་པ་གསལ་ལེར་དྲན】
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོ་ནི“ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་གནས”ཤིག་ཡིན་པས་དེར་བོད་ཀྱི“ཁམ་བུའི་མེ་ཏོག་གྲོང་ཚོ་དང་པོ”ཞེས་བརྗོད་ཀྱི་ཡོད། ཉིན་དེར་གྲོང་མི་ཟླ་བ་རྒྱལ་མཚན་གྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྱིམ་དུ་མགྲོན་པོར་གདན་དྲངས། སྤྱི་ཁྱབ་ཧྲུའུ་ཅིས་ཉལ་ཁང་དང་། ཐབ་ཚང་། གཉེར་ཚང་། གསང་སྤྱོད་སོགས་ལ་ཞིབ་པར་གཟིགས་ཤིང་། འབྲུ་མཛོད་ནང་གྲོ་དང་། བྲ་བོ། ནས། སྲན་མ། མ་རྨོས་ལོ་ཏོག་སོགས་རྩིག་པའི་དོ་པོ་དག་ལ་ཞིབ་པར་གཟིགས་པ་མ་ཟད། འབྲུ་རྡོག་ཁ་ཤས་ཕྱག་ལ་བསྣམས་ནས་ཉི་འོད་འོག་མདོག་ཁར་གཟིགས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་བ་རྒྱལ་མཚན་གྱི་ནང་མི་དང་མཉམ་དུ་ཚོམས་ཆེན་ནང་བཞུགས་ནས་འཚོ་བའི་སྐོར་དང་ཡོང་འབབ་སྐོར་གླེང་མོལ་གནང་བ་རེད། ཟླ་བ་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་ང་ཚོའི་ཁྱིམ་གྱི་སྐྱེལ་འདྲེན་དང་། ཁམ་བུའི་མེ་ཏོག་དུས་ཆེན། ས་ཞིང་བརྒྱུད་བཤུག འདེབས་འཛུགས་དང་གསོ་ཚགས་བཅས་ཀྱི་ཡོང་འབབ་ཡག་པོ་འདུག་ཅེས་ཞུས། སྤྱི་ཁྱབ་ཧྲུའུ་ཅིས“ཁྱེད་ཚོའི་ཡོང་འབབ་རྩིས་བརྒྱབ་ན་ཁྲི་བཅུ་ཕྲག་ཁ་ཤས་ཟིན་གྱི་འདུག་པས་ཧ་ཅང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་གཅིག་རེད་འདུག”ཅེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཡིན་ཞིང་དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བཞད་པའི་ས་ཆ་ཞིག་རེད། ཡུལ་མི་རྣམས་ཀྱི་འཚོ་བ་སྐྱིད་པོ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་ལ།
ཁྱེད་ཚོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་གསར་སྐྲུན་བྱས་པ་ཞིག་ཀྱང་རེད། ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
【ཟླ་བ་རྒྱལ་མཚན་གྱི་སེམས་གཏམ】
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངའི་ཁྱིམ་དུ་ཞིབ་ཅིང་ཕྲ་བ་གཟིགས་གནང་བ་དང་བཀའ་འདྲི་ཞིབ་ཕྲ་གནང་བྱུང་། ཁོང་གིས་གསང་སྤྱོད་ལ་ཆུ་ཡོད་མེད་དང་། གཟུགས་པོ་འཁྲུ་བའི་ཆུ་ཚ་པོ་ཡོད་མེད། བུ་བཅོལ་ཁང་ཐག་རིང་པོ་ཡོད་མེད་སོགས་ཞིབ་པར་དྲིས་གནང་བས་ངའི་ཁྱིམ་ལ་ཐུགས་ཁུར་དེ་འདྲ་གནང་བ་མཐོང་སྐབས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་།
ཁྱེད་ཚོའི་གྲོང་ཚོའི་ཁམ་བུའི་མེ་ཏོག་ཧ་ཅང་མཛེས་པོ་འདུག དེ་ནི་མེས་པོས་བཞག་པའི་ཕན་བདེ་དང་ཁྱེད་ཚོར་སྤྲད་པའི་ཁམ་བུའི་མེ་ཏོག་གི་སྐྱེད་ཚལ་ཞིག་རེད་ཅེས་གསུངས། དེ་སྔོན་གྲོང་མི་ཚོས་མེས་པོས་བཞག་པའི་ཁམ་སྡོང་དག་གང་བྱུང་དུ་བཅད་ནས་བུད་ཤིང་བྱེད་ཀྱི་ཡོད། ང་ཚོ་རི་སྔོན་ཆུ་དྭངས་ཡོད་སར་གནས་ཀྱང་ཐོན་ཁུངས་འདི་སྤྱད་དེ་ཕྱུག་འགྱུར་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་མེད།
ཕྱིས་སུ་གྲོང་ཚོའི་ལས་བྱེད་པས་ང་ཚོའི་སྣེ་ཁྲིད་དེ་ཁམ་བུའི་མེ་ཏོག་ལ་བརྟེན་ནས་གྲོང་གསེབ་ཀྱི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་གཉེར་འགོ་ཚུགས། ཁམ་བུའི་མེ་ཏོག་དུས་ཆེན་2002ལོ་ནས་བཟུང་ད་བར་གཉེར་ནས་མིང་གྲགས་རིམ་བཞིན་ཆེ་རུ་སོང་ཡོད། ང་ཚོས་ད་དུང་ཤིང་འབྲས་འཐུ་སའི་གླིང་བསྐྲུན་པ་དང་དགུན་ནས་སོགས་བཏབ་པས་གྲོང་ཚོའི་ཡུལ་སྐོར་ཐོན་ལས་སྔར་བས་སྟོབས་ཆེར་ཕྱིན་ནས་ཀ་ལ་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
འདི་ལོའི་ཟླ་3པར་གྲོང་ཚོའི་ནང་གསར་བརྗེའི་ཞིབ་འཇུག་རྣམ་པའི་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་གསར་དུ་བཙུགས་ཤིང་། འགྲེམས་ཁང་གི་སྒོ་འཛུལ་མ་ཐག་སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་བར་ཕེབས་སྐབས་ཀྱི་བརྙན་ལམ་མཐོང་ཐུབ། འགྲེམས་ཁང་ནང་ད་དུང་འདྲ་པར་རྙིང་པ་དང་། ཅ་དངོས་རྙིང་པ། བརྒྱུད་ལམ་སྣེ་མང་བརྙན་ལམ་སོགས་ཀྱི་ཐོག་ནས་ལོ་དེ་དག་ནང་ང་ཚོའི་གྲོང་ཚོ་ཕྱུག་པོར་གྱུར་བ་དང་བཀོད་པ་ལེགས་སུ་ཕྱིན་པའི་བརྒྱུད་རིམ་མི་དེ་བས་མང་བར་བསྟན་ནས་ང་ཚོས་ཏང་དང་སྤྱི་ཁྱབ་ཧྲུའུ་ཅིར་བཅངས་པའི་དྲིན་ཚོར་བསམ་པ་གང་ལེགས་མངོན་ཡོད།
ང་ཚོས་ཀྱང་ཀ་ལ་གྲོང་ཚོའི་ཁམ་སྡོང་གླིང་ཁར་སྔར་བས་གཅེས་སྤྲས་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་རྟོག་ཞིབ་ལ་ཕེབས་རྗེས་ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཞིང་། ད་ཆ་ཁྱིམ་ཚང་ཚང་མས་དུས་བཀག་ལྟར་གཙང་སྦྲ་དང་། ཁམ་སྡོང་ལ་ཡལ་གཅོད། གཞུང་ལམ་གྱི་སྒྲིག་བཀོད་བདག་སྐྱོང་བཅས་བྱས་ནས་རང་ཉིད་ཀྱི་ཁྱིམ་ཚང་སྐྱོང་བ་ལྟར་གྲོང་ཚོ་སྐྱོང་གི་ཡོད། ང་ཚོས་མེས་པོས་བཞག་པའི“ཁམ་སྡོང་གླིང་ཁ”འདི་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་དགོས།
ད་ལྟ་ནི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་ཡིན་པས། ང་ཚོ་གྲོང་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་ཀ་ལ་གྲོང་ཚོའི“ཁམ་སྡོང་གླིང་ཁར”ཕེབས་ཏེ་རི་ཀླུང་ཀུན་ཏུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་མཛེས་ལྗོངས་དང་གྲོང་ཚོའི་འགྱུར་ལྡོག་ལ་གཟིགས་པར་ཕེབས་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་9ཉིན་འབྱོར་བའི་གློག་འཕྲིན)