དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • “གཏོར་འཛུགས”མཉམ་སྤེལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-05

    སྒྱུར་བཅོས་སྒོ་དབྱེ་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གྲོང་གསེབ་སྒྱུར་བཅོས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པས་གྲོང་གསེབ་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་ཐོབ་པ་མ་ཟད། འཕེལ་རྒྱས་ཆེན་པོ་ཕྱིན་ནས་ཞིང་ལས་དང་གྲོང་གསེབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱི་གྲོང་གསེབ་སྒྱུར་བཅོས་ཀྱི་ལས་འགན་བདེ་བླག་ངང་སྤེལ་བས་སྒྱུར་བཅོས་ཀྱི་ཕན་འབྲས་རིམ་བཞིན་མངོན་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

    གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་དུས་མཚམས་རང་བཞིན་གྱི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ།

    རང་ལྗོངས་ཀྱི་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལས་དོན་2018ལོར་དངོས་སུ་སྤེལ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འགོ་ཁྲིད་བློ་མཐུན་གཙོ་བོས་མཛུབ་སྟོན་ཐེངས་མང་གནང་བས་ས་གནས་ཁག་ཏུ། “འགོ་ཁྲིད་གཙོ་བོས་དམ་འཛིན་དང་། ལས་འགན་ཁག་བགོས་འགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ། ཞིབ་ཕྲའི་དོན་དག་ཆེད་མིས་འགན་འཁུར་བ”བཅས་ཀྱི་ལས་ཀའི་ལམ་སྲོལ་ཆགས་ཡོད། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང་། འབྲེལ་ཡོད་ལག་རྩལ་གྱི་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་བ། སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་སྤེལ་ཧུར་ཐག་གཏོང་བ་བཅས་བྱས་པས་སྔ་རྗེས་སུ་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་བཤེར་དང་མ་དངུལ་རྩིས་བཤེར་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཐོབ་ཐང་གཏན་འཁེལ། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་འཛུགས་པ་སོགས་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ལེགས་སྒྲུབ་བྱས་པ་དང་འབྲེལ་2021ལོའི་ཟླ་11པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ལས་དོན་སྙན་ཞུ་ཕུལ་ཡོད།

    2017ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱིས་ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་མུའུ་དུང་ཕྱུར་1.67དང་། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་སྒོར་དུང་ཕྱུར་94.3 གཉེར་སྐྱོང་རང་བཞིན་མིན་པའི་རྒྱུ་ནོར་སྒོར་དུང་ཕྱུར་128.8བཅས་གཙང་བཤེར་བྱས་ཡོད། དེ་རྗེས་ཞིང་ལས་དང་གྲོང་གསེབ་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། 2018ལོ་དང་། 2019ལོ། 2020ལོ་བཅས་ལོ་འཁོར་གསུམ་གྱི་མཉམ་སྡེབ་རྒྱུ་ནོར་གཙང་བཤེར་ལས་དོན་ལེགས་གྲུབ་ཟིན་ཡོད།

    གཙང་བཤེར་དང་མ་དངུལ་རྩིས་བཤེར་གྱི་ལས་དོན་བསྒྲུབས་རྗེས་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་ཐོབ་ཐང་གཏན་འཁེལ་དང་གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་སོགས་རྗེས་མཐུད་ལས་དོན་མུ་མཐུད་སྤེལ་བས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱུང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད། ལྗོངས་ཡོངས་སུ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཁྱོན་ཁྲི་266.4དང་ཚོགས་ཆུང་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཁྲི་17.7ལྷག་ཙམ་གཏན་འཁེལ་བྱས་ཡོད།

    གྲོང་གསེབ་ཀྱི་འགན་གཙང་ས་ཞིང་གི་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ།

    རང་སྐྱོང་ལྗོངས་ཀྱིས་ལྗོངས་ཐད་གཏོགས་སྡེ་ཚན་18ཚན་པར་བྱས་པའི་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་རྫོང་དང་ཆུས་63གྱིས་དེ་མཚུངས་ཀྱི་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་འབྲེལ། འགན་གཙང་ས་ཞིང་གི་དབང་ཆ་གཏན་འཁེལ་ལས་དོན་གྱི་དམིགས་ཚད་འགན་འཁྲིའི་ཡི་གེ་རིམ་པ་བཞིན་བཞག་པར་བརྟེན། གོང་འོག་མཉམ་འགུལ་དང་། འགན་འཁྲི་ཁ་གསལ། ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཞིག་ཆགས་ཡོད།

    2012ལོར་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་འགན་གཙང་ས་ཞིང་གི་དབང་ཆ་གཏན་འཁེལ་གྱི་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་། 2017ལོར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་དུས་མཚམས་སུ་སླེབས་པ། 2018ལོའི་ལོ་མཇུག་ཏུ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ལག་ཁྱེར་སྤྲོད་ཚད་99.62%ཟིན་ཡོད།

    2020ལོའི་ཟླ་10པར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཞིང་ལས་གྲོང་གསེབ་ཅུས་རྒྱལ་ཡོངས་ཀྱི་གྲོང་གསེབ་འགན་གཙང་ས་ཞིང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་ལ་བདམས་པ་དང་། ཆུ་ཤུར་རྫོང་དང་རྒྱལ་རྩེ་རྫོང་གི་བློ་མཐུན་གཉིས་རྒྱལ་ཡོངས་ཀྱི་སྔོན་ཐོན་མི་སྒེར་ལ་བདམས་པ། ལྷ་ས་གྲོང་ཁྱེར་དང་། སྨན་གླིང་རྫོང་། མཛོ་སྒང་རྫོང་། གྲ་ནང་རྫོང་བཅས་རྒྱལ་ཡོངས་སུ་བསྔགས་བརྗོད་བྱས་པ་རེད།

    འགན་གཙང་ས་ཞིང་གི་དབང་ཆ་གཏན་འཁེལ་བྱས་པ་བརྒྱུད། འགན་གཙང་ས་ཁྱོན་དང་། འགན་གཙང་གན་རྒྱ། འགན་གཙང་གཉེར་སྐྱོང་དབང་ཆའི་ཐོ་འགོད་དེབ། འགན་གཙང་གཉེར་སྐྱོང་དབང་ཆའི་ལག་ཁྱེར་བཅས“མཐུན་པ་བཞི”གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། འགན་གཙང་ས་ཞིང་བགོ་བཤའ་དང་། འགན་གཙང་ས་ཞིང་གི་ཕྱོགས་བཞིའི་ཚད་འཇལ་རིས་འབྲིའི་ཐོ་འགོད། འགན་གཙང་གན་རྒྱ་འཇོག་པ། འགན་གཙང་གཉེར་སྐྱོང་དབང་ཆའི་ལག་ཁྱེར་སྤྲོད་པ། གཞི་རྩའི་ས་ཞིང་ལ་མཆན་འགོད་བཅས“དུད་ཚང་དུ་དོན་འཁྱོལ་ལྔ”མངོན་འགྱུར་བྱུང་བ། ཞིང་འབྲོག་མང་ཚོགས་ཀྱི་འགན་གཙང་ས་ཞིང་ལ“ཐོབ་ཐང་ལག་ཁྱེར”ཡོད་པས་ཞིང་འབྲོག་མང་ཚོགས་ཀྱི་འགན་གཙང་ས་ཞིང་གི་སྤྱོད་ཐོབ་དབང་ཆ་འགན་ལེན་ཏན་ཏིག་བྱུང་ནས་ཞིང་འབྲོག་མང་ཚོགས་དངོས་འབྲེལ་བློ་བདེ་པོ་བྱུང་ཡོད།

    གྲོང་གསེབ་ཀྱི་ས་ཞིང་བརྒྱུད་བཤུག་ལ་སྐུལ་འདེད་བཏང་ཞིང་། འགན་གཙང་ས་ཞིང་གི་བདག་དབང་གཏན་འཁེལ་གྱི་ལས་དོན་སྤེལ་བ་དང་སྦྲགས་ཞིང་འབྲོག་ཁུལ་གྱི་ཡུན་རིང་བེད་མེད་དུ་ལུས་པའི་ས་ཞིང་བེད་སྤྱད་པས། “དབང་གསུམ་ལོགས་འཛུགས”ཀྱི་བཀོད་པ་ཆགས་པ་དང་ས་ཞིང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་བྱེད་མགྱོགས་སུ་ཕྱིན་ཡོད།

    2021ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ས་ཞིང་བརྒྱུད་བཤུག་རྒྱ་ཁྱོན་མུའུ་ཁྲི་30ཟིན་ནས་2017ལོའི་ལོ་འགོ་ལས་མུའུ་ཁྲི་12.6ཆེ་རུ་ཕྱིན་ཏེ་རྣམ་པ་སྣ་ཚོགས་པ་དང་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།

    གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟར་གཟབ་ནན་ངང་སྐུལ་འདེད་བཏང་བ།

    2020ལོར། ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བཀྲམ་པའི《གྲོང་གསེབ་ཀྱི་ཁང་སའི་ལམ་ལུཌ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལག་བསྟར་ཇུས་གཞིའི》བླང་བྱ་གཞིར་བཟུང་། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་ཞིང་ལས་དང་གྲོང་གསེབ་པུའུ་སོགས་པུའུ་ཨུད་ཀྱིས་མཉམ་དུ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ཚན་པར་གཏན་འཁེལ་བྱས་པ་རེད། རྫོང་(ཆུས)གཉིས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཆན་འགོད་བཀའ་ལན་གནང་བའི་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ཇུས་གཞིའི་བླང་བྱ་གཞིར་བཟུང་གོ་རིམ་ལྡན་པའི་ངང་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། དུས་མཚམས་རང་བཞིན་གྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།

    རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཚོད་ལྟའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཕྲལ་མར་སྐོང་ཚོགས་བྱས་ཏེ། ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཐོག་ལས་དོན་ལ་སྐུལ་སྤེལ་གཏོང་བའི་ལས་འགན་དང་བླང་བྱ་བཏོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང(གྲོང་གསེབ་དར་རྒྱས་གཞུང་དོན་ཁང་)དང་། ཞིང་ལས་དང་གྲོང་གསེབ་ཐིང་། རང་བྱུང་ཐོན་ཁུངས་ཐིང་། ནོར་སྲིད་ཐིང་སོགས་ཀྱིས་སྡེ་ཚན་དབར་གྱི་རོགས་ལས་དང་། ཞབས་འདེགས་མཛུབ་ཁྲིད། མ་དངུལ་གྱི་རྒྱབ་སྐྱོར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལས་སྒོ་གསོ་སྦྱོང་བྱས་ནས་ཚོད་ལྟའི་ལས་དོན་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།