ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ནུས་རྒྱུ་གྲོན་ཆུང་དང་། བཙོག་འབུད་ཉུང་གཏོང་། ཐཱན་ཉུང་གི་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་སྤྱོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 2020ལོར་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ཚད་ཡོད་ཀུང་སིས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་76སྔ་རྗེས་སུ་ཉོས་པ་དང་། ལོ་འདིའི་ཟླ་12པར་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཚང་མ་ནུས་རྒྱུ་གསར་པའི་རླངས་འཁོར་ཡིན་པ་མངོན་འགྱུར་བྱུང་བ་རེད།
ལྗང་མདོག་ཕྱིར་སྐྱོད་དང་། མཇུག་རླངས་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཉུང་གཏོང་བཅས་ནི་རང་ལྗོངས་ཀྱི་མང་ཚོགས་ཚོས་བོད་ཀྱི་དགུང་ཨ་སྔོན་སྲུང་སྐྱོང་དམག་འཐབ་ལ་རམ་འདེགས་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྦགས་བཙོག་ཆེ་བའི་གནམ་གཤིས་སྔོན་འགོག་དང་དྲི་ངན་དབྱང་རླུང་གི་སྦགས་བཙོག་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་པ་དང་ཁྲའེ་ཡིའུ་སྣུམ་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་སྟེ་ཐབས་མང་མཉམ་སྤྱོད་ཀྱིས་དགུང་སྔོན་སྲུང་སྐྱོང་གི་དམག་འཐབ་ཡག་པོ་བརྒྱབ་ཡོད།
ཉེ་ཆར་ཁྱབ་བསྒྲགས་བྱས་པའི《སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》ལས་མངོན་པར། 2025ལོར་སླེབས་སྐབས། རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཚབས་ཆེ་དང་དེ་ཡན་གྱི་སྦགས་བཙོག་མེད་པའི་གནམ་གཤིས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་རེད། ནུས་རྒྱུ་གསར་པའི་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ཀྱི་བསྡུར་ཚད་100%ཟིན་པ་བྱ་རྒྱུ། ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དུ་ནུས་པའི་ཁུལ་གྱི་འཛེར་སྒྲའི་ཁོར་ཡུག་གི་སྤུས་ཚད་ལ་རང་འགུལ་ངང་ལྟ་ཞིབ་ཚད་ལེན་ཁྱོན་ཡོངས་ནས་མངོན་འགྱུར་ཐུབ་པ་བྱས་ཏེ་ལྗོངས་ཡོངས་ཀྱི་འཛེར་སྒྲའི་ཁོར་ཡུག་ནུས་པའི་ཁུལ་གྱི་མཚན་མོའི་ཚད་གཞི་ལོན་ཚད་85%ཟིན་པ་བྱ་རྒྱུ་རེད།
དེའི་བརྒྱུད་རིམ་ནང་ལྗོངས་ཡོངས་ཀྱིས་མཁའ་རླུང་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་རྒྱ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། “ཟང་ཟིང་དང་སྦགས་བཙོག”ཆེ་བའི་ཁེ་ལས་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ་ཨར་འདམ་ལས་རིགས་སུ་བཙོག་འབུད་ཧ་ཅང་ཉུང་བར་སྒྱུར་བཀོད་བྱ་རྒྱུ། བཟོ་སྐྲུན་འཕྲུལ་ཆས་དང་ཞིང་ལས་འཕྲུལ་ཆས་རྙིང་པ་མེད་པར་བཟོ་རྒྱུར་སྐུལ་ལྕག་བྱས་ཏེ་རླངས་འཁོར་ལ་སྤྱོད་པའི་འབར་སྣུམ་གྱི་སྤུས་ཚད་ཚད་གཞི་སྔར་བས་ལག་བསྟར་ནན་པོ་བྱ་རྒྱུ། ཨར་སྐྲུན་དང་། འགྲོ་ལམ། སྤུངས་ས། ས་སྟོང་སོགས་ཀྱི་ཐལ་རྡུལ་ལ་དོ་དམ་ཚོད་འཛིན་བྱེད་པ་དང་གྲོང་ཁྱེར་གྱི་གཙང་སྦྲ་དང་གཙང་འཕྱག་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་འཛེར་སྒྲ་མངོན་གསལ་དོད་པ་སོགས་ཀྱི་གནད་དོན་གང་མགྱོགས་ཐག་གཅོད་ཐུབ་པ་བྱ་རྒྱུ་བཅས་རེད།