ཉིན་ཤས་གོང་། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2017ལོའི་ཟླ་11པར《ཉིང་ཁྲི་གྲོང་ཁྱེར་གྱི་བདག་ཏུ་མ་བཟུང་བའི་ཉ་རིགས་སྲུང་སྐྱོང་བྱ་ཐབས》ལག་བསྟར་བྱས་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་ཉ་སྲིད་ཁྲིམས་བསྟར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཡར་ཀླུང་གཙང་པོ་དང་ཉང་ཆུ་སོགས་གཙོ་གནད་ཆུ་ཁུངས་དང་དེ་བཞིན་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་། གསོལ་མགྲོན་ཁང་། ཟ་ཁང་སོགས་ཁྲོམ་རའི་བྱེད་པོར་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས། ཁྲིམས་འགལ་ངང་ཉ་འཛིན་པའི་བྱེད་སྤྱོད་གཏན་འགོག་བྱས་པ་རེད།
མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་གྱིས་ཉ་སྲིད་ཁྲིམས་བསྟར་གྱི་ཆེད་དོན་བྱ་སྤྱོད་ཐེངས་705སྤེལ་ཏེ། ཁྲིམས་འགལ་ངང་ཉ་འཛིན་པའི་གྱོད་གཞི་73ཞིབ་བཤེར་ཐག་གཅོད་ཐུབ་པ་དང་། དངུལ་ཆད་སྒོར་ཁྲི་15.51བཏང་བ། ཉ་དྲ་དང་ཉ་སྒམ་སོགས་ཉ་འཛིན་ཆས་92གཞུང་བཞེས་བཏང་བ། ཁྲིམས་འགལ་ངང་བཟུང་བའི་བདག་ཏུ་མ་བཟུང་བའི་ཉ་སྤྱི་རྒྱ་ཁྲི་1.28གློད་པ། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་28ཐག་གཅོད་བྱས་པ། ཉ་འཛིན་མི་ཆོག་པའི་སྤྱི་བསྒྲགས་1500ལྷག་ཙམ་སྦྱར་བ། དྲིལ་བསྒྲགས་དཔྱད་གཞི་ཡིག་རིགས་ཁྲི་4.32ལྷག་ཙམ་སྤྲད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཉའི་ཁྱུ་ཚོགས་སླར་གསོ་བྱས་ནས་ཉ་ལས་ཀྱི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་ཉ་སྐྱེ་འཕེལ་དང་གློད་རྒྱུའི་ལས་དོན་རྒྱ་ཁྱབ་ངང་སྤེལ་ནས་ལོ་མང་རྒྱུན་མཐུད་དེ་ཉང་ཆུ་གཙང་པོར་བོད་དུ་ཡོད་པའི་ཉ་རིགས་ཀྱི་ཉ་ཕྲུག་མང་པོ་གློད་ཡོད། མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་ལྟར་ན་མ་དངུལ་སྒོར་ཁྲི་810བཏང་ནས་བོད་དུ་ཡོད་པའི་ཉ་རིགས་ཀྱི་ཉ་ཕྲུག་ཁྲི་602གློད་པ་རེད།