དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཡུལ་སྐོར་ཐོན་ལས་ལེགས་སུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-27

    ཉེ་བའི་ལོ་ཤས་རིང་མངའ་རིས་ཀྱིས་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བས་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཐོན་བཞིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མངའ་རིས་ས་ཁུལ་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་440ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་54.7བྱུང་ཡོད། 2021ལོར་མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་135.9ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་16.69བྱུང་ནས། ཡུལ་སྐོར་ལས་རིགས་ཀྱིས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རམ་འདེགས་བྱེད་པའི་ཐད་སྐུལ་འདེད་ཀྱི་ནུས་པ་བཟང་པོ་ཐོན་ཡོད་པ་རེད།

    “མིག་སྔར་མངའ་རིས་ས་ཁུལ་དུ་ཡུལ་སྐོར་ཐོན་ཁུངས་216དང་། སྤུས་ལེགས་རིམ་པའི་ཡུལ་སྐོར་ཐོན་ཁུངས་67 འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་5བཅས་ཡོད་པ་དང་། རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཁག་གཅིག་ལ་ཁྱད་འཕགས་རང་བཞིན་ལྡན་པས་མངའ་རིས་འདི་ཉིད་འཛམ་གླིང་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་དང་འགྲན་རྩོད་ནུས་པ་ལྡན་པའི་ཡུལ་སྐོར་གྱི་དམིགས་ས་ཞིག་གཏོད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད” མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཡན་ཝུའུ་ཡིས་གསར་འགོད་པར། “ལོ་ལྔ་ཚན་བཅུ་བཞི་པའི’རིང་ང་ཚོས་བོད་ཀྱིས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་དང་གངས་ཏི་སི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་སྐྲུན་པའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ཡག་པོ་བྱས་ཏེ་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་གཏོང་བ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཡུལ་སྐོར་ལས་རིགས་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད”ཅེས་བརྗོད།

    —— འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་རྫས་མ་ལག་སྐྱེད་སྲིང་ཧུར་ཐག་བྱེད་པ། གཙོ་གནད་མཛེས་ལྗོངས་ཁུལ་A5རིམ་པར་གཏོད་པའི་ལས་དོན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་གུ་གེའི་རྒྱལ་རབས་ཀྱི་གནའ་ཤུལ་དང་། ཁྱུང་ལུང་དངུལ་མཁར་གྱི་རྗེས་ཤུལ། རྩ་མདའི་བྲུ་རོང་མཛེས་ལྗོངས་ཁུལ། མཚོ་མོ་ངང་ལྷ་རིང་མོའི་མཛེས་ལྗོངས་ཁུལ། བཀྲ་རི་གནམ་མཚོ། མངའ་རིས་མུན་སྐར་སྤྱི་གླིང་བཅས་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་འཛུགས་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཡུལ་སྐོར་ཞབས་ཞུའི་ནུས་པ་འཐུས་སྒོ་ཚང་དུ་བཏང་ནས། གླིང་སྣེའི་ཡུལ་སྲོལ་གོམས་འདྲིས་ལ་ལྟ་སྐོར་དང་། ལོ་རྒྱུས་དང་མི་ཆོས་རིག་གནས་ལ་ཉམས་ལེན། རང་བྱུང་ལ་མྱུལ་དཔྱད། རིག་གནས་བརྟག་ཞིབ་བཅས་བརྗོད་དོན་གཙོ་བོ་བཞིར་དམིགས་ཏེ་མངའ་རིས་ཀྱི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་རིག་གནས་ཡུལ་སྐོར་ཐོན་རྫས་གཙོ་གནད་ཐོག་གཏོད་རྒྱུ་རེད།

    —— ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མངའ་རིས་ནུབ་རྒྱུད་ཀྱི་རྫོང་བཞིར་ཡུལ་སྐོར་རོགས་སྐྱོབ་རྟེན་གཞི་འཛུགས་པ་དང་། རྩ་མདའ་བྲུ་རོང་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་རོགས་སྐྱོབ་ས་ཚིགས་བཙུགས་ཏེ་མཚམས་ཚིགས་གལ་ཆེན་དུ་གསོ་རླུང་འགན་ལེན་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡུལ་སྐོར་སྣེ་ཤན་པ་དང་ཁ་ལོ་བ་སོགས་ཡུལ་སྐོར་ཞབས་ཞུའི་མི་སྣར་ས་མཐོའི་ཡུལ་སྐོར་བདེ་འཇགས་གསོ་སྦྱོང་བྱེད་པ། ས་མཐོའི་ཡུལ་སྐོར་གྱི་བཙན་སྐུལ་འགན་བཅོལ་ལམ་ལུགས་ལག་བསྟར་བྱེད་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། གྲོང་ཚོ། སྣུམ་སྣོན་ས་ཚིགས་སོགས་སུ་གསང་སྤྱོད་ལག་རྩལ་གསར་བརྗེས་ཀྱི་བྱ་སྤྱོད་སྤེལ་ནས་སྒེར་འཁོར་ཡུལ་སྐོར་ཞབས་ཞུ་སྔར་བས་འཐུས་སྒོ་ཚང་དུ་གཏོད་རྒྱུ་རེད།

    —— ཡུལ་སྐོར་ལ་བརྟེན་ནས་དམངས་ཕྱུག་འདུ་འགོད་ལག་བསྟར་བྱེད་པ། འཁོར་ཆགས་གྲོང་ཚོ་དང་། གངས་ས་གྲོང་ཚོ། རུ་ཐོག་གྲོང་ཚོ་སོགས་གཙོ་གནད་དུ་བྱས་ནས་ཡུལ་སྐོར་དང་། རིག་གནས། གནའ་བོའི་གྲོང་ཚོ། ཞིང་འབྲོག་ལས་སོགས་ཕན་ཚུན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ཉམས་ལེན་དང་། སྤྲོ་གསེང་ཡུལ་སྐོར། གྲོང་གསེབ་ཀྱི་སྤྲོ་གསེང་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་གསར་སྤེལ་ལ་ལྕག་སྐུལ་བྱེད་པ། རྒྱལ་ཡོངས་གྲོང་གསེབ་ཀྱི་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཧུར་ཐག་གཏོད་པ་བཅས་བྱས་ནས་ཞིང་འབྲོག་པར་ཡུལ་བབ་དང་བསྟུན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱ་རྒྱུའི་སྐུལ་ལྕག་བྱ་རྒྱུ་རེད།

    —— རིག་གནས་ཡུལ་སྐོར་གྱི་ཚོང་ཟོག་གསར་གཏོད་དང་གསར་སྤེལ་བྱེད་པ། གུ་གེའི་ལྡེབས་རིས་དང་། རུ་ཐོག་གི་ཁུ་ལུ། འཁོར་ཆགས་ཀྱི་རྒྱན་གོས། ས་མཐོའི་སྤོས་སོགས་མངའ་རིས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ་མངའ་རིས་ས་ཁོངས་ཀྱི་རིག་གནས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་ཁག་གཅིག་གཏོད་པ་དང་དྲ་རྒྱ་ཅན་དང་སྣ་མང་ཅན་གྱི་ཡུལ་སྐོར་ཚོང་ཟོག་ཉོ་སྒྲུབ་ལས་སྟེགས་བསྐྲུན་པ་བརྒྱུད། ཡུལ་སྐོར་ཚོང་ཟོག་དང་ཡུལ་སྐོར་ཐོན་རྫས་དྲ་ཐོག་ནས་ཕྱིར་ཚོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད།

    —— ཡུལ་སྐོར་གྱི་དྲིལ་བསྒྲགས་དང་ཚོང་གཉེར་བྱེད་ཤུགས་ཆེ་རུ་གཏོང་བ། “སྟོད་ཀྱི་སྦས་ལུང་། མཁའ་དབྱིངས་ཀྱི་མངའ་རིས”ཀྱིས་སྤྱི་འདོམས་བྱེད་པ་དང་། “སྐར་ཚོགས་བཀྲ་བའི་གྲོང་ཁྱེར། ངོ་མཚར་ཆེ་བའི་སྒར་རྫོང” “ལྟ་བས་མི་ངོམ་པའི་བྲུ་རོང་། གནའ་ཉམས་དོད་པའི་རྩ་མདའ” “མཛེས་སྡུག་ལྡན་པའི་ཞིང་ཁམས། ཡིད་དུ་འོང་བའི་རུ་ཐོག”སོགས་རྫོང་7གྱི་ཡུལ་སྐོར་སྤུས་རྟགས་ཀྱིས་འདེགས་སྐྱོར་དུ་བྱས་ནས་མངའ་རིས་ཀྱི་ཡུལ་སྐོར་སྤུས་རྟགས་མ་ལག་བསྐྲུན་པ་དང་། ཡུལ་སྐོར་དྲིལ་བསྒྲགས་ཚོང་གཉེར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ལྗོངས་ཕྱི་ནང་ལ་ཕྱོགས་ནས་གནད་སྨིན་ཚོང་གཉེར་བྱེད་པ་བཅས་བརྒྱུད། མངའ་རིས་ཡུལ་སྐོར་གྱི་སྙན་གྲགས་དང་ཡིད་དབང་འཕྲོག་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་མ་ཟད། ཁྱད་ལྡན་ཡུལ་སྐོར་གྱི་དུས་ཆེན་ལ་་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ནས་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ཐོན་རྫས་ཀྱི་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།