ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས། བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་པོ་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད། ད་ཆ། “གླིང་སྣེ་གསུམ་པ་མཛེས་ཤོས”ཀྱི་རྣམ་པ་ཞིག་བོད་བྱང་རྩྭ་ཐང་དུ་མངོན་ཡོད།
“ང་ཚོ་ནི་ས་གཞི་འདིའི་ལྟ་སྲུང་བ་ཡིན”
མཚོ་གཉིས་རྫོང་ནི་རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པ་དང་། རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཡིན། དེ་གར་གསོ་རླུང་འདུས་ཚད་ཀླུང་ཐང་ཁུལ་གྱི་40%ལས་མ་ཟིན་པ་དང་། ལོ་ལྟར་ལྷགས་པ་རིམ་པ་8ཡན་བརྒྱབ་པའི་གནམ་གཤིས་ཉིན་གྲངས་200ལྷག་ཙམ་ཟིན་པ་སོགས་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད།
ཡག་མོ་དོ་དམ་ས་ཚིགས་ཀྱི་དོ་དམ་པ་བློ་བཟང་རིག་དར་དང་རུ་མི་གཞན་དག་བདུན་ནི་མི་མེད་ཁུལ་དེའི་ལྟ་སྲུང་བ་རེད།
ཉིན་ལྟར་ཞོགས་པ་བློ་བཟང་རིག་དར་དང་ཁོང་གི་ལས་རོགས་ཚོས་སྦག་སྦག་བཞོན་ནས་མི་མེད་ཁུལ་གྱི་ཐང་རིང་དུ་ལྟ་སྲུང་བྱེད་པར་སྐྱོད་ཀྱི་ཡོད། ཟིན་བྲིས་དེབ་གཅིག་དང་། སྨྱུ་གུ་གཅིག རྩམ་པ་རྩམ་ཁུག་གང་དང་ཚགས་ཤ་སྐམ་པོ། རྒྱང་ཤེལ་གཅིག་བཅས་ནི་ཁོང་ཚོའི་རྒྱུན་གཏན་གྱི་མཁོ་ཆས་ཡིན་ཞིང་། ཁོང་གིས“ང་ཚོས་རྒྱུན་དུ་རིང་ཤོས་ལ་ལམ་ཐག་སྤྱི་ལེ་100ལྷག་ཙམ་སྐྱོད་ཀྱི་ཡོད། སྐབས་འགར་ལྕགས་དྲར་ཚུད་པའི་རི་སྐྱེས་སྲོག་ཆགས་མཐོང་སྐབས་སྐྱོབ་ཀྱི་ཡོད”ཅེས་བརྗོད།
“ང་ཚོའི་རྒྱུན་གཏན་གྱི་ལས་ཀ་ནི་ཉེན་ཟོན་སྐོར་གཡེང་དང་ཟིན་ཐོ་འགོད་རྒྱུ་དེ་ཡིན”ཞེས་བློ་བཟང་རིག་དར་གྱིས་བརྗོད་པ་དང་། ཁོང་གིས“ཉེན་ཟོན་སྐོར་གཡེང་བྱེད་རིམ་བཞིན། ང་ཚོར་ལམ་བར་ནས་འཕྲད་པའི་གཙོད་དང་། རྒོ་བ། སྤྱང་ཀི དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་། རིགས་ཁྱུ། ཕོ་མོ་བཅས་ཟིན་ཐོར་བཀོད་ནས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ལ་དེ་བས་ལེགས་པའི་སྒོ་ནས་ལྟ་ཞིབ་བྱེད་ཀྱི་ཡོད”ཅེས་བརྗོད།
ཡག་མོ་དོ་དམ་ས་ཚིགས་སུ་སྐྱོད་སྐབས་གྱང་ངོས་སུ་རི་སྐྱེས་སྲོག་ཆགས་ཀྱི་ཚན་རིག་ཁྱབ་གདལ་རི་མོ་དང་སྲུང་སྐྱོང་སྦྱར་ཡིག་སྣ་ཚོགས་བཀལ་བ་དེ་དག་ལས་གསར་འགོད་པར་བག་ཆགས་ཟབ་མོ་བྱུང་། ཀྲེན་ཀྲང་གཞོན་པ་ཟླ་དཀར་གྱིས“ད་དུང་ང་ཚོས་རྒྱུན་དུ་འབྲོག་པའི་ཁྱིམ་ལ་ཚན་རིག་ཁྱབ་གདལ་གྱི་དཔྱད་ཡིག་སྤྲོད་པར་བསྐྱོད་ནས་འབྲོག་པར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་དོན་སྙིང་གསལ་པོ་ཤེས་སུ་འཇུག་གི་ཡོད”ཅེས་བརྗོད།
ཟླ་དཀར་གྱིས“ང་ཚོ་ནི་ས་གཞི་འདིའི་ལྟ་སྲུང་བ་ཡིན་པས་ཐག་རིང་ནས‘གཅེས་པར་འོས་པའི་སྲོག་ཆགས’འདི་དག་ཁོང་ཚོར་དབང་བའི་ས་གཞི་འདིའི་ཐོག་ཅི་དགར་རོལ་བའི་རྣམ་པར་རྒྱང་ལྟ་བྱེད་པར་དགའ་པོ་ཡོད”ཅེས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་ཉེ་ལམ་ལོ་ཤས་རིང་། སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པས། གཙོད་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་རིམ་བཞིན་མང་དུ་ཕྱིན་པ་མྱོང་ཚོར་ཟབ་མོ་བྱུང་། ལོ་འདི་དག་ནང་། གསའ་ཐེངས་མང་མཐོང་བ་ནི་ང་རང་ཆུང་དུས་བསམ་ཚོད་དཀའ་བ་ཞིག་རེད”ཅེས་བརྗོད།
“རི་སྐྱེས་སྲོག་ཆགས་ནི་ས་གཞི་འདིའི་བདག་པོ་ངོ་མ་རེད”
དུས་རབས་20པའི་ལོ་རབས་70པར། བྱང་རྩྭ་ཐང་ལྷོ་རྒྱུད་ཀྱི་མི་འབོར་དང་དེ་བཞིན་སྒོ་ཕྱུགས་ཀྱི་གྲངས་འབོར་མགྱོགས་མྱུར་འཕར་བ་དང་བསྟུན་ནས་འབྲོག་པ་རྣམས་བྱང་ཐང་དབུས་རྒྱུད་ཀྱི་མི་མེད་ཁུལ་དུ་སྤོས་པ་རེད།
འོན་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་བསྟུན། རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཡང་དེ་བསྟུན་གྱིས་འཕར་བས་ས་གནས་དེ་གའི་མང་ཚོགས་བྱ་དཀའ་བྱེད་གཏད་དུ་གྱུར་ཅིང་། ཡུལ་མི་ཚོས“སླད་ཕྱིན་མི་དང་། རྩྭ་ཐང་། རི་སྐྱེས་སྲོག་ཆགས་བཅས་གསུམ་པོའི་དབར་གྱི་འགལ་བ་ཇི་ལྟར་སེལ་དགོས་སམ”ཞེས་སེམས་ཁྲལ་བྱེད།
གྲངས་གཞི་ལས་མངོན་གསལ། 1990ལོ་ཚུན་དུ་བྱང་ཐང་ས་མཐོའི་ཁྱིམ་ཚང་87%གྱིས་མི་དང་རི་སྐྱེས་སྲོག་ཆགས་དབར་གྱི་འགལ་ཟླ་བརྒྱུད་མྱོང་ཞིང་། གསའ་དང་དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་ཀྱིས་མིའི་རིགས་ཀྱི་རྒྱུན་གཏན་འཚོ་བར“གནོད་པ”མང་པོ་སྐྱེལ་བ་དང་། དེ་བཞིན་རྩྭ་ཕྱུགས་དོ་མི་སྙོམས་པའི་འགལ་ཟླ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཀའ་གནད་བསལ་ནས་འབྲོག་པ་ཁག་གཅིག་ས་བབ་ཅུང་དམའ་བའི་ལུང་པར་འཚོ་བ་དེ་བས་སྐྱིད་པ་སྐྱེལ་ཐུབ་པ་དང་། རི་སྐྱེས་སྲོག་ཆགས་ལ་འཚོ་གནས་ཁོར་ཡུག་དེ་བས་ཡག་པ་བསྐྲུན་ཆེད། 2018ལོའི་ཟླ་6པར་བོད་ཀྱིས་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཡོད།
འབྲོག་པ་རིག་འཛིན་གྱིས“རི་སྐྱེས་སྲོག་ཆགས་དེ་དག་ནི་ས་གཞི་འདིའི་བདག་པོ་ངོ་མ་ཡིན་པས་འདི་དག་བོད་བྱང་ཐང་དུ་འཚོ་གནས་དེ་བས་ཡག་པོ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད་པ་དང་། ཁོང་གིས་2018ལོར་ང་ཚོ་ནང་མི་ཚང་མ་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཤང་ནས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་དུ་སྤོས་པ་ཡིན་ཞེས་བརྗོད།
མི་ཚང་གནས་སྤོ་བྱས་ནས་རི་སྐྱེས་སྲོག་ཆགས་གནས་བཟོད་བདེ་པོ་ཡོང་བ་བྱས་ཤིང་། རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོར་བྱས་པའི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་མ་ལག་རིམ་བཞིན་ཆགས་པ་དང་། ལྗོངས་ཡོངས་ཀྱི་རྩ་ཆེ་ཞིང་སྟོངས་ལ་ཁད་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་དང་དཔེ་མཚོན་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པས། རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ལའང་འཚོ་གནས་ཁོར་ཡུག་དེ་བས་ཆེ་བ་བྱུང་ཡོད།
“ང་ཚོ་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ཡིན”
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ས་ཁོངས་སུ་ས་མཐོ་ཁོ་ནར་མ་གཏོགས་མེད་པའི་རྩ་ཆེ་ཞིང་སྟོངས་ལ་ཁད་ཀྱི་རི་སྐྱེས་སྲོག་ཆགས་རིགས་ཁྱུའི་གྲངས་འབོར་སླར་གསོ་མངོན་གསལ་དོད་པོ་བྱུང་ཞིང་། མིག་སྔའི་བར་གཙོད་ཁྲི་5ནས་ཁྲི་30བར་མང་དུ་ཕྱིན་པ་དང་། ཁྲུང་ཁྲུང་སྐེ་ནག་3000ནས་8000ལྷག་ཙམ་བར་མང་དུ་ཕྱིན་པ། འབྲོང་དང་། དྲེད་མོང་། སྤྱང་ཀི གྲུམ་པ་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཡང་མང་དུ་མངོན་གསལ་དོད་པོ་ཕྱིན་ཡོད། རིམ་རྩིས་ལྟར་ན། བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་121ལྷག་ཙམ་བཏང་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ནུས་ཤུགས་ཡོད་རྒུས་བྱས་ཡོད།
རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་ནི་མིག་སྔར་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ལ། རང་རྒྱལ་གྱི་རྩ་ཆེ་ཞིང་སྟོངས་ལ་ཁད་ཀྱི་ས་མཐོའི་རི་སྐྱེས་སྲོག་ཆགས་གཅིག་འདུས་ཁུལ་ཞིག་ཀྱང་ཡིན་ཞིང་། དེ་གར་གཙོད་དང་། འབྲོང་། རྐྱང་། གསའ། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་10དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་21འཚོ་གནས་བྱེད་ཀྱི་ཡོད་པས“མཐོ་གྲང་གི་སྐྱེ་དངོས་རིགས་རྒྱུད་ཐོན་ཁུངས་མཛོད”ཅེས་འབོད་སྲོལ་ཡོད།
ད་ཆ་ཡུལ་སྐོར་བ་ཚོ་རྒྱལ་ཁབ་རིམ་པའི་བོད་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཉེ་འཁོར་ནས་བརྒྱུད་སྐབས། མཚམས་མཚམས་སུ་གཙོད་དང་རྐྱང་སོགས་མཐོང་རྒྱུ་ཡོད་པས་དགའ་ཚོར་ཆེན་པོ་ཡོང་གི་ཡོད་པ་རེད།