དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་ལྗང་རི་ཀླུང་གཡུ་ཡི་གཞོང་པ་འདྲ། བདེ་སྐྱིད་འཚོ་བའི་འཛུམ་ཞལ་ལྷུག་པོར་གྲོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-22

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་གྱི་གྲོང་མི་ཚོས་ལོ་བཅུའི་གོང་བྱ་སྤྱོད་ཅིག་ལག་བསྟར་བྱས་པ་སྟེ། སྡོང་ཕྲུག་ཁྲི་19བཙུགས་ནས་རི་ཁུལ་གྱི་ས་ཆ་མུའུ་800སྔོ་འགྱུར་བྱས་པས་སྡེ་ཁུལ་གྱི་རྒྱབ་ཀྱི་ཤེལ་དཀར་རི་བོ་སྔོ་ལྗང་གོས་ཀྱིས་བཀླུབས།

    ཤེལ་དཀར་རི་བོར་མ་སླེབས་གོང་ཐག་རིང་ནས་རི་ལྡེབས་ཀྱི་སྔོ་ལྗང་ལྗོན་ཤིང་མཐོང་གི་ཡོད། དཔྱིད་དཔལ་བཞད་པའི་དུས་སུ་ཤེལ་དཀར་རི་བོའི་རྒྱ་ལྕང་གི་མྱུ་གུ་འབུས་པ་དང་ལོ་མ་དམར་པོའི་ལྗོན་ཤིང་ལ་མེ་ཏོག་ཟིང་སྐྱ་བཞད་འགོ་ཚུགས། གདོང་དཀར་སྡེ་ཁུལ་གྱི་གྲོང་མི་ཚོས་རི་འདབས་སུ་སྡོང་ཕྲུག་དབོར་བ་དང་། ལྗོན་ཤིང་ལ་ཆུ་བརྒྱབ་ནས་གཡོག་བྱེད་བྱེད་པ། སྡོང་ཕྲུག་གསར་པ་འཛུགས་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད། ཤེལ་དཀར་རི་བོ་ནི་སྟོད་ལུང་བདེ་ཆེན་ཆུས་སུ་གནས་ཤིང་། དེ་སྔ་སྐྱ་ཐེར་ཐེར་གྱི་བྲག་རི་ཞིག་ཡིན་པས་ལྷགས་པ་རྒྱག་ཐེངས་རེར་རི་སྟེང་གི་ས་རྡུལ་གང་སར་འཁྱེར་གྱི་ཡོད་ལ། ཆར་པ་འབབ་ཐེངས་རེར་རི་སྟེང་གི་ཆར་ཆུ་རི་གཤམ་གྱི་གྲོང་མིའི་ཁྱིམ་གྱི་སྒོ་རའི་ནང་འཁྱིལ་གྱི་ཡོད། དེས་ན་གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་རིག་འཛིན་གྱིས་ཤིང་འཛུགས་ནགས་བཟོ་བྱས་ནས་རི་རྒོད་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་སེམས་ཐག་བཅད་པ་རེད།

    “རི་དེ་ང་ཚོའི་སྡེ་ཁུལ་གྱི་རྒྱབ་ཏུ་ཡོད། དེ་སྔ་རི་སྟེང་དུ་ཤིང་རྐང་གཅིག་ཀྱང་མེད་པས་སེམས་ཡང་སྐྱིད་པོ་མི་འདུག རྗེས་སུ་ང་ཚོས་སྡེ་ཁུལ་གྱི་ཚོགས་ཆུང་ཁག་གི་གྲོང་མི་སྒྲིག་འཛུགས་བྱས་ནས་རི་དེ་སྔོ་ལྗང་ཅན་དུ་ཇི་ལྟར་བསྒྱུར་རྒྱུའི་ཐད་གྲོས་བསྡུར་བྱས་པ་ཡིན”ཞེས་རིག་འཛིན་གྱིས་བཤད།

    “2012ལོར་ཙུའུ་ཀྲང་གིས་ང་ཚོས་རི་དེ་སྔོ་ལྗང་ཅན་དུ་བསྒྱུར་དགོས་ཞེས་བཤད་མོད། སྐབས་དེ་དུས་ང་ཚོའི་སེམས་སུ་བྲག་རིའི་སྟེང་རྡོ་མང་ལ་ཆུའང་འདྲེན་དཀའ་བས་སྡོང་ཕྲུག་བཙུགས་ཀྱང་གསོན་དཀའ་སྙམ་ནས་ཚང་མས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། དེ་ནས་ལོ་མང་པོ་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། རི་དེ་ལོ་རེ་བཞིན་སྔོ་ཐིང་ཐིང་དུ་གྱུར་པ་དང་། དེ་དག་མཐོང་སྐབས་སེམས་ནང་ཧ་ཅང་དགའ་པོ་འདུག ད་ཆ་ཤིང་འཛུགས་དུས་ཚིགས་སུ་སླེབས་པས་ང་ཚོ་ཁྱིམ་ཚང་རེ་ནས་མི་གཉིས་གསུམ་ཙམ་ཤིང་འཛུགས་ནགས་བཟོའི་ནང་ཞུགས་ཀྱི་ཡོད་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་དེའི་ནང་མི་ཚང་མ་ཞུགས་འདོད་ཆེན་པོ་ཡོད”ཅེས་གདོང་དཀར་སྡེ་ཁུལ་ལྕང་ཁུལ་ཚོགས་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཟླ་སྒྲོན་གྱིས་བཤད།

    “ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་ཕྱིན་ནས་ཟས་གོས་ལ་སེམས་ཁྲལ་གང་ཡང་མི་འདུག ང་ཚོར་སྲིད་ཇུས་བཟང་པོ་འདི་འདྲ་ལོངས་སུ་སྤྱོད་རྒྱུ་བྱུང་བས་སྤྱི་ཚོགས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་དགོས། ལོ་རེའི་ཚོགས་ཆུང་གི་དངུལ་ལྷག་མ་དག་ང་ཚོས་ཤིང་འཛུགས་ནགས་བཟོའི་ཐད་གཏོང་གི་ཡོད། སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་ཚེ་ང་ཚོའི་མི་རབས་རྗེས་མའི་འཚོ་བ་སྔར་ལས་ཡག་ཏུ་འགྲོ་ཐུབ”ཅེས་རིག་འཛིན་གྱིས་སྤོབས་པ་ཆེན་པོས་བཤད།

    ཤིང་འཛུགས་ནགས་བཟོ་བྱེད་རིང་གདོང་དཀར་སྡེ་ཁུལ་གྱིས“སྔོན་ལ་ཤིང་འཛུགས་པ་དང་རྗེས་སུ་ཁ་གསབ་སྤྲོད་པའི”སྲིད་ཇུས་ཀྱི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་བྱུང་ནས་མ་དངུལ་གྱི་རྒྱབ་སྐྱོར་ངེས་ཅན་ཞིག་རག་ཡོད། འདི་ལོ་ཁོང་ཚོས་སླར་ཡང་མུའུ་2000ཟིན་པའི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་འགན་གཙང་བླངས་ནས། ཤེལ་དཀར་རི་བོ་རྦད་དེ་སྔོ་ལྗང་ཅན་དུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།