དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བྱང་ཐང“སྦས་ལུང”ཡུལ་དུ། མཛེས་ལྗོངས་ལྟ་བས་མི་ངོམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-20

    1949080_yis_1650384000000_s.jpg

    འདི་ནི“གྲོང་ཡུལ་ཤང་གི་ཁམ་བུའི་མེ་ཏོག་དུས་ཆེན”སྐབས་བདུན་པའི་འགོ་ཚུགས་མཛད་སྒོ་ཡིན་པ།

    ཟླ་བཞི་པར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད། འདབ་ཆགས་ཀྱི་སྐད་དང་མེ་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་འཐུལ། བོད་བྱང་ཐང་གི“སྦས་ལུང”ཞེས་སུ་གྲགས་པའི་གྲོང་ཡུལ་ཤང་དུའང་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད།

    གྲོང་ཡུལ་ཤང་ནི་ལྷ་རི་རྫོང་གི་ཤར་རྒྱུད་དུ་གནས་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3100ཟིན་ཞིང་། བོད་ཤར་རྒྱུད་ཀྱི་ཡིད་འོང་གཙང་པོའི་རོང་ཆེན་དུ་ཆགས་ཡོད། ལུང་གཞུང་གི་ས་ཁོངས་ཡངས་ཤིང་རྒྱ་ཆེ་བ་དང་། ཕྱོགས་བཞི་རི་བོས་བསྐོར་བ། ལོ་ཧྲིལ་པོའི་གནམ་གཤིས་དྲོ་ལ་འཇམ་ཞིང་ནམ་དུས་བཞིའི་དབྱེ་བ་གསལ་པོ་ཡོད་པས། “བོད་བྱང་ཐང་གི་སྔོ་ལྗང་ཁུལ”དང“རང་བྱུང་གསོ་རླུང་མཛོད”ཅེས་འབོད་སྲོལ་ཡོད།

    ཉིན་དགུང་གི་དུས་སུ་ཉི་འོད་དང་འགྲོགས་ནས། གསར་འགོད་པ་ལྷ་རི་རྫོང་ནས་ཐོན་ཏེ་གྲོང་ཡུལ་ཤང་གི་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་ལམ་དུ་སྐྱོད་སྐབས་རིམ་བཞིན་ས་བབ་དམའ་རུ་ཕྱིན་ནས། ལམ་རྒྱུད་ཀྱི་མཛེས་ལྗོངས་གཞན་དང་མི་འདྲ་བ་ཞིག་ཏུ་གྱུར་པ་སྟེ། འགྲོ་ལམ་གྱི་གཡས་གཡོན་གཉིས་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ཞིང་། རྩི་ཤིང་ཁྱབ་ཚུལ་མངོན་གསལ་དོད་པ། རི་འདབས་ཀྱི་ནགས་ཚལ་སྟུག་པ་བཅས་ཡིད་དུ་འོང་བ་ཞིག་འདུག

    རླངས་འཁོར་ལ་བསྡད་ནས་ལམ་ཐག་ཆུ་ཚོད་གཉིས་ཙམ་སོང་རིང་། ལམ་རྒྱུད་དུ་ཡར་ཀླུང་གཙང་པོའི་ཆུ་ལག་དེ་དར་སྐུད་ལྗང་ཁུ་བཞིན་རི་ཚོགས་ཀྱིས་བསྐོར་བའི་ཁྲོད་གྱ་གྱུར་འབབ་བཞིན་མཆིས། དྭངས་ཤིང་གཙང་བའི་གཙང་ཆུ་བྲག་རྡོར་རྡེབ་པའི་སྒྲ་རྣ་བར་ལྷང་ལྷང་དུ་གྲགས།

    གྲོང་ཡུལ་ཤང་གི་རི་ཀླུང་གང་སར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་མིག་ལམ་དུ་མངོན་པ་མ་ཟད། བསིལ་རླུང་ལྡང་བ་དང་འགྲོགས་ཏེ་གང་སར་དྲི་ཞིམ་འཐུལ། ལོ་ལྟར་ཁམ་བུའི་མེ་ཏོག་བཞད་པའི་ནམ་དུས་སུ་གྲོང་ཡུལ་ཤང་གིས“གྲོང་ཡུལ་ཤང་གི་ཁམ་བུའི་མེ་ཏོག་དུས་ཆེན”གཉེར་གྱི་ཡོད་ཅིང་། མཐའ་བཞི་གངས་རིས་བསྐོར་བ་དང་སྔོ་ཁེབས་སྣ་ཚོགས་ཀྱིས་ཁེངས་པའི་རི་མཐོ་གྲོག་རོང་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པས་གྲོང་ཚོའི་མཛེས་སྡུག་ལྟ་བས་མི་ངོམ་པ་ཞིག་ཡོད།

    གྲོང་ཡུལ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་དབང་ཆེན་གྱིས། སྐབས་བདུན་པའི་ཁམ་བུའི་མེ་ཏོག་དུས་ཆེན་ཉིན་གསུམ་གཉེར་བ་དང་། རང་ཡུལ་གྱི་རང་བྱུང་ཐོན་ཁུངས་དང་དམངས་སྲོལ་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད། “མྱོང་རོལ་དང་། ཡུལ་སྐོར། རོལ་རྩེད། ཞིམ་ཟས། ཉོ་སྒྲུབ”བཅས་ཀྱི་གཞི་རྒྱུ་ཆེ་གྲས་ལྔ་དང་ཟུང་འབྲེལ་དང་ས་གནས་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ། དམངས་སྲོལ་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོ་མང་པོ་བཀོད་སྒྲིག་བྱས་ཡོད་ཅེས་བརྗོད།

    “གྲོང་ཡུལ་ཤང་གི་ཁམ་བུའི་མེ་ཏོག་དུས་ཆེན”གྱི་རྣམ་པ་ཟབ་མོ་བཏོད་དེ་གྲོང་ཡུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་ཐོན་རྫས་འགྲེམས་སྟོན་བྱས་ནས“ཐོན་སྐྱེད་དང་བྲིན་ཚོང་གཉིས་དར”གྱི་རྣམ་པ་བཟང་པོ་ཐོན་རྒྱུར་རམ་འདེགས་བྱེད་ཆེད། བྱེད་སྒོ་སྤེལ་ཡུལ་དུ་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་སྤེལ་བ་དང་། ཤང་ཁོངས་ཀྱི་གྲགས་ཅན་དང་ཕུལ་བྱུང་ཐོན་རྫས་རེ་རེ་བཞིན་འགྲེམས་སྟེགས་ཐོག་བཏོན་པས། ཞིང་ལས་ཐོན་རྫས་ཕྱིར་ཚོང་བྱེད་མགྱོཌ་སུ་ཕྱིན་པ་དང་། ཁྱད་ལྡན་ཐོན་རྫས་སྤུས་རྟགས་ཁྲོམ་རར་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ། གྲོང་ཚོ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་འདེད་ཐུབ་པས། ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།

    དུས་ཆེན་རིང་། ཚང་མ་མཉམ་དུ་འཛོམས་ནས་མི་རིགས་ཀྱི་ཁྱད་ལྡན་རིག་རྩལ་སྐོང་འཁྲབ་དང་། ལུས་རྩལ་འགྲན་བསྡུར། མེ་ཕུང་དགོང་ཚོགས་བཅས་ལ་ཞུགས་ཐུབ་པ་མ་ཟད། ད་དུང་ཁམ་བུའི་མེ་ཏོག་ལ་བལྟ་བ་དང་། དམངས་སྲོལ་མྱོང་རོལ། ཞིམ་ཟས་ཀྱི་བྲོ་བ་མྱོང་བ། ངོ་མཚར་ཆེ་བའི་མཛེས་ལྗོངས་སྣ་ཚོགས་ལ་ལྟ་སྐོར་བཅས་བྱེད་ཆོག

    གེ་སར་རྒྱལ་པོའི་རྟ་ཐོག་མདའ་འཕེན་ཡུལ་དང་། ལྷ་རི་བུམ་པའི་མཆོད་རྟེན་དཀར་པོ། སྒྲོལ་མ་ལ། འཁྱགས་རོམ་རྦབ་ཆུ་སྣ་ཚོགས་སོགས་མཛེས་ལྗོངས་ཁུལ་ཚང་མར་དེའི་ངོ་མཚར་ཆེ་བའི་ཤོད་རྒྱུན་རེ་ཡོད། ཡུལ་ལྗོངས་དང་གཏམ་རྒྱུད་མཉམ་འདྲེས་ཐུབ་ནས་གྲོང་ཡུལ་ཤང་དུ་ངོ་མཚར་གྱི་རྣམ་པ་ཞིག་མངོན།

    1949082_yis_1650384000000_s.jpg

    འདི་ནི་གྲོང་ཡུལ་ཤང་གི་ཞིང་འབྲོག་མང་ཚོགས་ཀྱིས་གསོ་ཚགས་བྱས་པའི་སྒོ་ཕྱུཌ་ཁམ་སྡོང་གླིང་དུ་གསོལ་དལ་བག་ཕེབས་ངང་རྩྭ་ཆུར་རོལ་བཞིན་པ།

    1949078_yis_1650384000000_s.jpg

    འདི་ནི་གྲོང་ཡུལ་ཤང་གི་ཞིང་འབྲོག་པ་ཆོས་རྒྱལ་གྱིས“གྲོང་ཡུལ་ཤང་གི་ཁམ་བུའི་མེ་ཏོག་དུས་ཆེན”སྐབས་བདུན་པའི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་དུ་རང་གིས་བསླས་པའི་སྨྱུག་བསླས་ཐོན་རྫས་འཚོང་བཞིན་པ།

    1949076_yis_1650384000000_s.jpg

    འདི་ནི་ཡུལ་མི་ཚོས་ཁམ་སྡོང་འོག་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།

    1949074_yis_1650384000000_s.jpg

    འདི་ནི་ནི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་གྲོང་ཡུལ་ཤང་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།