དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྒྲུབ་སྤྲོད་གྱོད་དོན་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-17

    ཉིན་ཤས་བསྟུད་མར། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེན་པོར་བརྟེན་ནས་མང་ཚོགས་ཀྱིས་བཏོན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་སྣ་ཚོགས་ཐག་གཅོད་ཡག་པོ་བྱ་རྒྱུ་དེ། མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་སེམས་འདུ་འགོད་ལ་བརྩིས་ནས་དམ་འཛིན་བྱས་ཤིང་། ཐབས་མང་མཉམ་སྤྱོད་དང་ནུས་ཤུགས་ཡོད་རྒུ་བཏོན་ཏེ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་རྩིས་སྤྲད་པའི་གྱོད་དོན་བཅོས་སྒྲིག་དོན་འཁྱོལ་བྱེད་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཚང་མ་དོན་འཁྱོལ་ཡོང་བ་དང་ཚང་མར་ལན་ཡོད་པའི་འགན་ལེན་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས“ཡར་ཀླུང་ཉི་འོད་མེ་ཏོག་ལྡུམ་རའི་ཁུལ་ཆུང་གི་དོ་དམ་བྱེད་སྟངས་མི་འཚམ་པ་དང་སྔོ་ལྗང་ཁུལ་ལ་གཏོར་སྐྱོན་ཕོག་པའི”གནད་དོན་ལ་དམིགས་ནས་འཕྲལ་དུ་ཞིབ་བསྡུར་དང་བཅོས་སྒྲིག་བྱས་པ་སྟེ། སྨི་ངོས་གྲུ་500ཡི་སྔོ་འགྱུར་ཁོར་ཡུག་ལ་གཙང་སྦྲ་བྱས་པ་དང་། སྨི་ངོས་གྲུ་185ཡི་སྤང་རྩྭ་འདེབས་སྐྱོར་བྱས་པ། མེ་ཏོག་དང་སྡོང་ཕྲུག་རྐང་9000ལྷག་ཙམ་བཏབ་ཡོད།

    “འདམ་གཞུང་རྫོང་མཆོད་རྟེན་གྲོང་ཚོའི་ཚོགས་ཆུང་5པའི་ཧྥུའུ་ཧྲེན་ཁེ་ལས་ཚད་ཡོད་ཀུང་སིའི་རྡོ་རའི་ས་ཆ་ཁོད་སྙོམས་མེད་པ་དང་ས་བཀབ་མེད་པའི”གནད་དོན་ལ་དམིགས་ནས་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་ཆེད་དོན་ཞིབ་འཇུག་གིས་བཅོས་སྒྲིག་ཇུས་གཞི་བཟོས་པ་སྟེ། གཤག་རོ་སྨི་རྒྱ་དཔངས་གྲུ་བཞི་མ་1000ལྷག་ཙམ་གཙང་སེལ་བྱས་པ་དང་། ས་རྒྱ་སྨི་ངོས་གྲུ་5500ཁོད་སྙོམས་པ། ས་འགེབས་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་1100ཟིན་ཡོད། “སྣེའུ་ཁུལ་གསར་ཨའོ་ཆི་ཁྲོམ་གཞུང་གི་ཆུ་འགྲོ་ཡང་ཡང་འགག་པ་དང་སྣུམ་སྙིགས་དང་བཙོག་ཆུ་ལུས་ནས་རྫབ་དྲིས་ཁེངས་པའི”གནད་དོན་ལ་དམིགས་ཏེ། འབྲེལ་ཡོད་ཚན་པས་དུས་ཐོག་ཏུ་ཆུ་འགྲོ་བཤངས་པ་དང་སྣུམ་སྙིགས་དང་བཙོག་ཆུ་གཙང་བསིང་བྱས་ནས་ཉིན་དེ་རང་དུ་གནད་དོན་ཐག་གཅོད་བྱས་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱིས་ངམ་རིང་རྫོང་གི“གསེར་མཚོའི་སྦགས་བཙོག”གི་གནད་དོན་ལ་དམིགས་ཏེ། ས་གནས་ས་ཐོག་ཏུ་ཞིབ་དཔྱད་བྱས་པ་བརྒྱུད་ཐེར་འདོན་བྱས་པའི་བྱེ་ར་དང་ཚོང་སྤྱོད་ཨར་འདམ་ས་ཚིགས་ལ་འགྲོ་ལུགས་ཆ་ཚང་པོ་ཡོད་པ་དང་། བཙོག་ཆུ་གཙང་བསིང་གི་བྱ་ཐབས་དེ་སྒྲིག་སྲོལ་དང་མཐུན་ལ་ནུས་པ་ལྡན་པ་ཞིག་ཡོད་པ། གསེར་མཚོར་སྦགས་བཙོག་ཕོག་པ་དང་འབྲེལ་བ་མེད། དོན་དངོས་གནས་ཚུལ་ལ་གཞིགས་ནས་ས་གནས་དེ་གས་ཉེ་འགྲམ་རྫོང་གྲོང་གི་བཙོག་ཆུ་ཕྱིར་འབུད་ཀྱི་གནད་དོན་ཐག་གཅོད་ལས་ཀའི་གཙོ་གནད་ལ་བརྩིས་ཏེ། སྒོར་ཁྲི་500ལྷག་ཙམ་རང་གྲབས་ཀྱིས་བཙོག་ཆུ་གཙང་བསིང་བཟོ་གྲྭར་མི་ཐབས་སྐྱེ་ཁམས་འདམ་ར་བསྐྲུན་པ་དང་། གསེར་མཚོའི་མཚོ་ཁུག་གི་འདམ་རའི་རྣམ་གྲངས་ཆེ་གྲས་དུས་ཚོད་དམ་འཛིན་གྱིས་ལས་འགོ་བཙུགས་པ། བཙོག་ཆུ་གཙང་བསིང་བཟོ་གྲྭའི་བསྐྱར་སྐྱེས་ཆུའི་ལས་གྲྭའི་ལེ་ལག་ཚང་བའི་མདོང་ལམ་འཛུགས་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་བཏང་ཡོད། “གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གི་བཙོག་ཆུ་གཙང་བསིང་བཟོ་གྲྭའི་ནུས་པར་ཚད་ཡོད་པ་དང་བཙོག་ཆུ་འབོར་ཆེན་ཉེ་འགྲམ་གྱི་གཙང་པོར་གློད་པའི”གནད་དོན་ལ་དམིགས་ཏེ། ས་གནས་དེ་གའི་སྡེ་ཚན་གྱིས་ཆུ་འགྲོར་དུས་བཀག་བཞིན་གྲལ་བཤེར་དང་དུས་བཀག་བཞིན་ཉམས་བཟོ་བྱས་ནས་ཆེད་དོན་བཅོས་སྒྲིག་དང་རྒྱུན་གཏན་ནས་བདག་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས“གྲ་ནང་རྫོང་བོད་ལྗོངས་ཧུང་ཅ་ཆུ་འགོག་ཚན་རྩལ་ཚད་ཡོད་ཀུང་སིའི་སྦགས་བཙོག”གི་གནད་དོན་ལ་དམིགས་ཏེ། ཞིབ་དཔྱད་བྱས་པ་བརྒྱུད་བཟོ་གྲྭ་དེའི་དུ་རླངས་གཙང་སེལ་སྒྲིག་ཆས་ཏེ། རླུང་འཁོར་རྡུལ་སེལ་འཕྲུལ་ཆས་ནས་སྣུམ་ཆུ་མཉམ་འདྲེས་དངོས་པོ་ཉུང་ཤས་ཐོན་པ་དག་ཞེང་ཚད་ལི་སྨི་2ཟིན་པའི་མཉེན་སྦུག་སྤྱད་དེ་བཟོ་གྲྭའི་ལྕགས་རིའི་ཕྱི་རོལ་དུ་གློད་ཡོད། བཅོས་སྒྲིག་ཇུས་གཞིའི་བླང་བྱ་གཞིར་བཟུང་། འཕྲལ་མར་མཉེན་སྦུག་བཤིག་པ་དང་། འབུད་སའི་བྱེ་ས་བསྔོགས་ནས་ཡང་བསྐྱར་ས་བཀབ་པ། ཚད་གཞི་མ་ལོན་པའི་སྦགས་བཙོག་འགོག་བཅོས་སྒྲིག་ཆས་བཤིགས་པ། མ་དངུལ་སྒོར་ཁྲི་496གྲབས་གསོག་བྱས་ནས་ལམ་སྲོལ་དང་མཐུན་པའི་སྦགས་བཙོག་བཅོས་སྒྲིག་སྒྲིག་ཆས་ཉོ་སྒྲུབ་སྒྲིག་སྦྱོར་གྱི་གན་རྒྱ་བཞག་པ། མ་དངུལ་སྒོར་ཁྲི་100ལྷག་ཙམ་གྲབས་གསོག་བྱས་ནས་བཟོ་གྲྭའི་ནང་ཁུལ་དང་དེ་བཞིན་ཉེ་འཁོར་དུ་ས་བརྗེས་ནས་སྤང་བཏབ་པ་མ་ཟད། ཁམ་སྡོང་སོགས་སྡོང་ཕྲུག་300ལྷག་ཙམ་བཏབ་ཡོད། དུས་མཚུངས་སུ་གྲ་ནང་རྫོང་གིས་བཅོས་སྒྲིག་བྱས་ཚུལ་དང་བཅོས་སྒྲིག་བྱ་རིམ་མང་ཚོགས་ལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་པ་མ་ཟད། བཅར་འདྲི་བྱས་པ་བརྒྱུད་མང་ཚོགས་ཀྱི་ཚོགས་ཆེན་དང་། བཞུགས་མོལ་ཚོགས་འདུ། བློ་ཡིད་ཚིམ་ཚད་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་སོགས་ཀྱི་རྣམ་པ་བརྒྱུད་མང་ཚོགས་ལྟ་སྐུལ་བྱ་རིམ་ཧྲིལ་པོར་ཞུགས་སུ་བཅུག་ཡོད།

    ཆབ་མདོ་གྲོང་ཁྱེར་གྱིས“སྟེང་ཆེན་རྫོང་གི་གཏེར་ཁ་རྩད་ཞིབ་དང་གད་སྙིགས་ས་སྦས”ཀྱི་གནད་དོན་ལ་དམིགས་ཏེ། ཧྭ་ཤིན་གཏེར་ལས་ལ་གནས་པའི་གནད་དོན་ཐད་མ་དངུལ་སྒོར་ཁྲི་4.35བཏང་ནས་རྫ་གཏེར་འཚོལ་ཞིབ་ས་ཚིགས་སུ་ལུས་པའི་གཏེར་འཚོལ་སྒྲིག་ཆས་གཙང་འདྲེན་བྱས་པ་དང་། དུས་འགོའི་གཏེར་འཚོལ་བྲག་ཕུག་བཀག་པ། གནས་སྐབས་ལས་ཡུལ་བཤིགས་པ། ལས་ཡུལ་ཁོད་སྙོམས་པ་མ་ཟད། རྩྭ་འདེབས་གཏེར་འཚོལ་ས་ཚིགས་ཀྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱས་པ། ཕྱོགས་གསུམ་པས་དཔྱད་ཞིབ་ཚད་ལེན་བྱས་པ་བརྒྱུད་དབའ་སྦུག་རོང་གི་ས་ངོས་ཆུའི་སྤུས་ཚད《འཚོ་བའི་འཐུང་ཆུའི་འཕྲོད་བསྟེན་ཚད་གཞི》དང་མཐུན་ཡོད། དགེ་རིན་གད་སྙིགས་སྦ་ཡུལ་དུ་གནས་པའི་གནད་དོན་ཐད་མ་དངུལ་སྒོར་ཁྲི་12.93བཏང་སྟེ། ས་འོག་ཆུ་རྩད་ཞིབ་ཐིག་ལེན་དང་ས་ངོས་ཆུའི་མ་དཔེ་འཚོལ་བསྡུ་ལེགས་སྒྲུབ་བྱས་པ་མ་ཟད། ཕྱོགས་གསུམ་པ་དང་མཐུན་སྦྱོར་བྱས་ཏེ་ཞིབ་བཤེར་ཚད་ལེན་མགྱོགས་སུ་བཏང་བ་དང་སྦྲགས་ཞིབ་བཤེར་ཚད་ལེན་གྱི་གསལ་བཤད་ཡི་གེ་བཏོན་པ་དང་། ཆུ་སིམ་གཤེར་རྫིང་གི་འཕྱོ་གཡེང་གད་སྙིགས་གཙང་སེལ་བྱས་པ། གད་སྙིགས་སྦ་ཡུལ་ཁོད་སྙོམས་པ་དང་འབྲེལ་གད་སྙིགས་སྦ་ཡུལ་གྱི་ལྕགས་ར་ཉམས་གསོ་བྱེད་པའི་ཨར་ལས་རྒྱུ་ཆ་གྲ་སྒྲིག་ཀྱང་བྱས་ཡོད། ལས་དོན་བརྟག་དཔྱད་འདྲི་ཤོག་སྤྲད་པ་ལས་མངོན་པར། མང་ཚོགས་བློ་ཡིད་ཚིམ་ཚད་95.83%ཟིན་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས“སྤོ་བོ་རྫོང་གསུམ་འཛོམས་གྲོང་རྡལ་རྣ་གཡུ་གྲོང་ཚོའི་རྩྭ་ཐང་དུ་ལས་གྲྭ་ཀུང་སི་ཞིག་གིས་བྱེ་མ་བསྔོགས་ནས་གསུམ་འཛོམས་གྲོང་རྡལ་ནས་རྡོ་རྗེ་ཤང་བར་གྱི་གཞུང་ལམ་སྐྲུན་པར་སྤྱད་པ་དང་། དུས་རྒྱུན་བྱེ་རླུང་ཆེན་པོ་འཚུབ་པ་ལས་གྲོང་མིའི་གཟུགས་གཞི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི”གནད་དོན་ལ་དམིགས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱིས《དུས་བཀག་ལྟར་བཅོས་སྒྲིག་བྱེད་རྒྱུའི་བརྡ་ཐོ》འཕྲལ་མར་བཏང་བ་དང་ཨར་ལས་ཚན་པས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་བཀག་ནང་ཆུ་གཏོར་ནས་ཐལ་རྡུལ་འཇགས་ཐབས་བྱས་ཡོད། དེ་དང་ཆབས་ཅིག་རྡུལ་འགོག་ལྕགས་དྲ་སྔོན་པོ་ལྟེབ་རིལ་260ཉོས་ནས་ས་ངོས་སུ་ཟླ་3ཚེས་30ཉིན་རྡུལ་འགོག་ལྕགས་དྲ་བཏིང་ཡོད། ཉེ་འཁོར་སློབ་གྲྭའི་དགེ་རྒན་དང་། ཞིང་འབྲོག་མང་ཚོགས། ལས་བྱེད་ལས་བཟོ་བཅས་བློ་ཡིད་ཚིམ་ཚད་100%ཟིན་ཡོད།

    ནག་ཆུ་གྲོང་ཁྱེར་གྱིས“གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གྱི་འཚོ་བའི་ཁོར་ཡུག་བཙོག་ཟིང་ཞན་གསུམ་ཡིན་པ་དང་། ཁྲོམ་གཞུང་དུ་གད་སྙིགས་གང་བྱུང་དུ་སྤུང་བ། གད་སྙིགས་མེར་སྲེག་པ། བཙོག་གཅིན་གང་བྱུང་དུ་གཏོང་བ”བཅས་ཀྱི་གནད་དོན་ལ་དམིགས་ཏེ། ནག་ཆུ་གྲོང་ཁྱེར་དུ་འབྱོར་བའི་སྒྲུབ་སྤྲོད་གྱོད་གཞི་དང་པོ་དེར་ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་ཏེ་འཕྲལ་མར་མི་སྣ་སྒྲིག་འཛུགས་བྱས་ནས་ཁྲོམ་གཞུང་དང་། གྲོང་མིའི་སྡོད་ཁུལ། ཁང་པའི་རྒྱབ་མདུན་སོགས་ཀྱི་གད་སྙིགས་སྣ་ཚོགས་གྲལ་བཤེར་དང་གཙང་སེལ་བྱས་ཡོད། ཡུན་རིང་བཅོས་སྐྱོང་གི་ཕུགས་ཕན་ལ་དམིགས་ཏེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་སྒྱུར་བཀོད་ཀྱི་འཆར་གཞི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དུ་འཇུག་རྒྱུ་རེད། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁོར་ཡུག་འཕྲོད་བསྟེན་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། ཁོར་ཡུག་འཕྲོད་བསྟེན་བཟོ་པའི་ལས་འགན་ཁག་བགོས་འགན་གཙང་གི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་སྟབས་བདེའི་གསང་སྤྱོད་4བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་སྟབས་བདེ་བསྐྲུན་ཡོད།

    མངའ་རིས་ས་ཁུལ་གྱིས“སྤུ་ཧྲེང་རྫོང་ཧོར་ཤང་གུང་རྒྱུད་གྲོང་ཚོའི་མཉམ་ལས་ཁང་གི་བྱེ་རས་སེར་མུ་གཙང་པོའི་མཐའ་འཁོར་གྱི་རྩྭ་ཐང་དང་འབྲོག་རར་སྦགས་བཙོག་བཟོས་པའི”གནད་དོན་ལ་དམིགས་ཏེ། ཞིབ་དཔྱད་བྱས་པ་བརྒྱུད་བྱེ་རྡོ་སྐྱེལ་འདྲེན་བྱེད་རིང་འབྲོག་པ་སྐྱས་སྤོའི་ལམ་ངོགས་ཀྱི་རྩྭ་ཐང་ཁག་གཅིག་ལ་གཏོར་སྐྱོན་ཕོག་པ་ཕུད། དེ་མིན་གྱི་གནད་དོན་ཚང་མ་དོན་དངོས་དང་མཐུན་གྱི་མེད། ད་ལྟ་སྒྲིག་ཆས་བཤིགས་པ་དང་། རྒྱུ་ཆ་གཞན་དག་བརྒྱུད་འདྲེན་བྱས་པ། ར་བའི་ཁུལ་གྱི་ས་ཁོད་སྙོམས་ཡོད། “སྒར་རྫོང་སེང་གེ་ཁ་འབབ་དུམ་བུར་ཨར་པོའི་གད་སྙིགས་དང་འཚོ་བའི་གད་སྙིགས་ཆུ་ལམ་དུ་བསྐྱུར་བ་ལས་གཙང་པོ་བཙོག་པ་ཆགས་པའི”གནད་དོན་ལ་དམིགས་ཏེ། འཕྲལ་མར་གད་སྙིགས་གཙང་སེལ་དང་བརྒྱུད་འདྲེན་ལས་དོན་སྤེལ་ནས་སེང་གེ་ཁ་འབབ་ཀྱི་ཆུ་སྟོད་དང་། ཆུ་དཀྱིལ། ཆུ་སྨད་བཅས་ཀྱི་ཆུའི་སྤུས་ཚད་ཞིབ་བཤེར་ཚད་ལེན་དང་མང་ཚོགས་ཀྱི་བསམ་བློའི་དྲིལ་བསྒྲགས་ལས་དོན་ལེགས་སྒྲུབ་བྱས་ཡོད་ལ། ཞིབ་དཔྱད་དམིགས་ཚད་ཀྱང《ས་ངོས་ཀྱི་ཆུའི་སྤུས་ཚད་ཚད་གཞི》རིགས་གསུམ་པར་སླེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།