དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་ལྗང་རི་ཀླུང་ལས་སྐྱེ་ཁམས་ཀྱི་ཕན་འབྲས་ཐོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-13

    ལྷོ་རིའི་སྤྱི་གླིང་ནི་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་ལས་གྲྭའི་ཆ་ཤས་ཤིག་ཡིན་ལ་རང་ལྗོངས་ཀྱི་ལུང་གཞུང་ཁུལ་གྱི་གཞི་ཁྱོན་ཅན་གྱི་སྐྱེ་ཁམས་འཛུགས་སྐྱོང་དང་སླར་གསོའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མ་དེ་ཡང་ཡིན་པས། ལས་གྲྭ་དེས་ལོ་རེར་ཆ་སྙོམས་ཆུ་གསོག་ཚད་ཏུན་ཁྲི་4980ཟིན་པ་དང་། ཐཱན་སྲ་བརྟན་དུ་གཏོང་ཚད་ཏུན་ཁྲི་22.91ཟིན་པ། གསོ་རླུང་ཐོན་ཚད་ཏུན་ཁྲི་19.30ཟིན་པ། ལུད་སྲུང་ཚད་ཏུན་ཁྲི་2.71ཟིན་པ། ལོའི་སྐྱེ་ཁམས་ཀྱི་རིན་ཐང་སྒོར་དུང་ཕྱུར་14.85ཟིན་པ་བཅས་རེད། ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པ་དེ་ལས་ཆུ་རྩྭ་གསོ་འཁྱོངས་དང་། ས་ཆུ་སྲུང་འཛིན། ཐཱན་སྲ་བརྟན་གཏོང་བ་དང་གསོ་རླུང་འདོན་པ། མཁའ་རླུང་གཙང་སེལ་སོགས་ཀྱི་ཐད་སྐྱེ་ཁམས་ཀྱི་ཕན་འབྲས་ཆེན་པོ་ཐོན་ཡོད། གྲོང་ཁྱེར་རིམ་གྱིས་སྔོ་ལྗང་ཅན་དུ་གྱུར་ནས་གནས་དེར་འཚོ་སྡོད་བྱེད་མཁན་གྱི་མི་རྣམས་ཀྱིས་ཀྱང་སྐྱེ་ཁམས་ལེགས་བཅོས་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་བཞིན་ཡོད་ལ་ལྷ་ས་གྲོང་ཁྱེར་གྱིས་ཕུལ་བའི་སྐྱེ་ཁམས་གྱི་རྒྱུགས་ལན་ལས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་བའི་ཁྱད་ཆོས་མངོན་ཡོད།

    རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་དམིགས་ཏེ་རང་ལྗོངས་ཀྱིས་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་ནས་འགོ་འཛུགས་ས་མཐོ་པོའི་སྒོ་ནས་ཇུས་འགོད་དང་ཚུགས་གནས་མཐོ་ས་ནས་བཀོད་ཇུས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་སྲིད་ཇུས་འགན་ལེན་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕྱོགས་བསྡུས་རང་བཞིན་གྱི་ས་གནས་ཁྲིམས་སྲོལ་ཐོག་མ་སྟེ《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་སྲོལ་ཡིག》བཏོན་པ་དང་ལག་བསྟར་བྱས་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར་བཏོན་པ།《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་སློབ་སྦྱོང་གསོ་སྦྱོང་དང་། སྐྱེ་ཁམས་སྲུང་སྐྱོང་སླར་གསོ། ཐཱན་ཚད་སྙོམ་སྦྱོར་གྱི་དཔེ་སྟོན་འཛུགས་གཏོད། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མིག་དཔེ་གཏོད་པ། སྐྱེ་ཁམས་རིག་གནས་སྐྱེད་སྲིང་། ལྗང་མདོག་ཐོན་ལས་འཕེལ་རྒྱས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། གྲོང་གསེབ་ཀྱི་སྐྱེ་ཁམས་དར་སྤེལ། ཁོར་ཡུག་བཅོས་སྐྱོང་དེང་རབས་ཅན་བཅས་ཀྱི“བྱ་སྤྱོད་ཆེན་པོ་བཅུ”ལག་བསྟར་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཆར་འགོད་བཟོས་པ། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་འཆར་འགོད(2021ལོ་ནས་2035ལོའི་བར)》གང་མགྱོགས་བཟོས་པ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་འཐབ་ཇུས་ཁུལ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ། རང་བྱུང་སྲུང་སྐྱོང་གི་དཔེ་མཚོན་ཁུལ། སྐྱེ་ཁམས་དམངས་ཕྱུག་སྔོན་བསྟར་ཁུལ་དང་དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་གཏོད་པའི“ཁུལ་ལྔ་དང་མ་ལག་གཅིག”གི་འཛུགས་སྐྲུན་དམིགས་ཚད་བཏོན་པ། རྒྱལ་ཁབ་ཀྱི་རིགས་ཁག་གི་སྐྱེ་ཁམས་ཁོར་ཡུག་གི་དམིགས་ཚད་དང་ཞིབ་བསྡུར་བྱས་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུའི་རིགས་ཆེན་པོ་6གི་རྣམ་གྲངས་32ཀྱི་དམིགས་ཚད་མ་ལག་གསེད་བཀྲོལ་གཏན་འཁེལ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་ཁྱོན་ཡོངས་ནས་ཁྲིད་སྟོན་བྱས་ཡོད།

    སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་དོན་འཁྱོལ་བྱ་ཆེད། རང་ལྗོངས་ཀྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། “ཁུལ་གསུམ་དང་གསལ་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“མཐོ་གཉིས”རྣམ་གྲངས་བོད་དུ་དོན་འཁྱོལ་བྱ་རྒྱུ་གཏན་འགོག་བྱས་པ། རི་ཆུ་ནགས་ཞིང་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ནས་གཙོ་གནད་འབབ་རྒྱུད་དང་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་གདང་ལའི་བྱང་རྒྱུད་ཁུལ་ཁོངས་འཛུགས་སྐྲུན་དང་དོ་དམ་ཡག་པོ་བཅས་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་དངོས་སྐྱེ་ཁམས་བདེ་འཇགས་ལས་དོན་ལ་ཤུགས་སྣོན། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་བསྐྲུན་རྒྱུར་མུ་མཐུད་ཤུགས་སྣོན་གྱིས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་པོ་ཡོང་བའི་འགན་ལེན་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།