ཉེ་ཆར། རང་ལྗོངས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་ཆེད། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རང་སྐྱོང་ལྗོངས་སྲིད་གཞུང་གིས《སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)བཏོན་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། དགུང་སྔོན་ཆུ་དྭངས་ས་གཙང་གསུམ་གྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་རྒྱུ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ་སོགས་ཀྱི་ཐད་ནས་ཞིབ་ཕྲའི་ལག་བསྟར་བསམ་འཆར་བཏོན་པ་རེད།
《ལག་བསྟར་བསམ་འཆར》ནང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད། རང་ལྗོངས་ཀྱིས་ཐཱན་འབུད་ཚད་ལོན་པའི་བྱ་སྤྱོད་བརྟན་པོའི་ངང་ལག་བསྟར་ཧུར་ཐག་བྱས་ནས་ནུས་རྒྱུ་གཙང་མ་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དྭངས་གཙང་ཐོན་སྐྱེད་དང་ནུས་རྒྱུའི་ཐོན་ཁུངས་གྲོན་ཆུང་དང་ཕན་འབྲས་མཐོ་བའི་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་ནས་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པར་བྱེད་རྒྱུ་དང་། དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་སྐྱོང་གི་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་ཆེད། རང་ལྗོངས་ཀྱིས་སྦགས་བཙོག་ཆེ་བའི་གནམ་གཤིས་སྔོན་འགོག་དང་དྲི་ངན་དབྱང་རླུང་སྦགས་བཙོག་བཅོས་སྒྲིག་ལ་ཤུགས་སྣོན་དང་ཁྲའེ་ཡིའུ་སྣུམ་སྤྱོད་པའི་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ཡག་པོ་བརྒྱབ་ནས་རླུང་ཁམས་ཆེ་མོ་དང་འཛེར་སྒྲའི་སྦགས་བཙོག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ། གཙང་པོར(མཚོ)སྦགས་བཙོག་བཤངས་འབུད་ལ་ཚོད་འཛིན་ནུས་ལྡན་བྱས་ནས་གྲོང་ཁྱེར་དུ་བཙོག་ཆུ་དྲི་ཅན་ཆགས་རྒྱུ་འགོག་བཅོས་བྱས་ཏེ་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་དང་། གཙང་པོའི་ཆུ་འགོ་སྲུང་སྐྱོང་། གཙོ་གནད་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྒྲིག་བཅས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ཡག་པོ་རྒྱག་རྒྱུ། ཞིང་ཀའི་ས་རྒྱུར་སྦགས་བཙོག་འགོས་རྒྱུ་འགོག་བཅོས་དང་བདེ་འཇགས་ངང་སྤྱོད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་འཛུགས་སྐྲུན་ས་ཆའི་ས་རྒྱུའི་སྦགས་བཙོག་གི་ཉེན་ཁར་དོ་དམ་ཚོད་འཛིན་ནུས་ལྡན་བྱས་ཏེ། ས་འོག་ཆུའི་སྦགས་བཙོག་བཅོས་སྒྲིག་ལ་མཉམ་དུ་སྐུལ་འདེད་བཏང་ནས་ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་དང་། “འགྱིག་ཤོག་སྦགས་བཙོག”བཅོས་སྒྲིག ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ཡག་པོ་རྒྱག་པ་བཅས་བཏོན་ཡོད།
《ལག་བསྟར་བསམ་འཆར》ནང་། རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་འགན་སྲུང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཁོར་ཡུག་གི་དཔལ་འབྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་མ་དངུལ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་ལྟ་འདོམས་ཁྲིམས་བསྟར་གྱི་ཕན་ནུས་ཆེ་རུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་དང་། ཚན་རྩལ་གྱི་འདེགས་སྐྱོར། ལྟ་སྐུལ་དཔྱད་ཞིབ་དང་དཔུང་ཁག་འཛུགས་སྐྱོང་བཅས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་2025ལོར་སླེབས་སྐབས། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཟང་པོ་རྒྱུན་འཁྱོངས་དང་། སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་བྱེད་ཚད་དང་རྩིས་གཞིའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་རྒྱལ་ཁབ་ཀྱི་ཞིབ་བཤེར་གཏན་འབེབས་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བྱ་རྒྱུ་དང་། 2035ལོར་སླེབས་སྐབས། ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་རྒྱ་ཁྱབ་ངང་ཆགས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་སྔོན་ཚུད་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གཏོད་ཐུབ་པ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཕྱོགས་ཡོངས་ནས་བསྐྲུན་ཏེ་རྒྱལ་ཡོངས་ཙམ་མ་ཟད་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་འགྱུར་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།