རང་སྐྱོང་ལྗོངས་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་ཀྱི་འགོ་འཛུགས་ས་དང་དཔེ་སྟོན་ས་ཚིགས་ཀྱི་ངོས་ནས། ལོ་མང་རིང་། རྣམ་གླིང་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་དོ་དམ་ལྟེ་བར་བྱས་ཏེ། སྔོ་ལྗང་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ཆགས་པར་བྱས་པས། དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་བའི་རྣམ་པ་གསར་པ་ཞིག་རགས་ཙམ་ཆགས་ཡོད།
རྣམ་གླིང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་རྫོང་དཔོན་གཞོན་པ་ཀེང་ཧོའེ་ཅིན་གྱིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པའི་བརྒྱུད་རིམ་དུ། རྣམ་གླིང་རྫོང་གིས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་འགག་རྩའི་ལས་དོན་འདིར་དམ་འཛིན་བྱས་ནས། 2014ལོ་ནས་བཟུང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2.4བཏང་སྟེ་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་3.6བྱས་པ་དང་། དཔེ་སྟོན་ཁུལ་དུ་སྡོང་ཕྲུག་སྣ་ཚོགས་ཁྲི་290ཙམ་བཙུགས་པར་གསོན་ཚད་95%ཟིན་ནས་ནགས་ཚལ་ཡུག་གཅིག་དང་། ས་ཞིང་གྲུ་བཞི། གཞུང་ལམ་དྲ་བ། ཆུ་ཡུར་མ་ལག་བཅས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད་པ་རེད།
ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་གཏིང་ཟབ་བྱས་པ་དང་བསྟུན་ནས། དཔེ་སྟོན་ཁུལ་དུ་བྱེ་རླུང་ལྡང་བའི་ཉིན་གྲངས་གསུམ་ཆ་གཅིག་ཉུང་དུ་ཕྱིན་པ་དང་། གསོ་རླུང་འདུས་ཚད་5%མང་དུ་ཕྱིན་པ། མཁའ་རླུང་གི་གཤེར་ཚད་10%མང་དུ་ཕྱིན་ཡོད་པ་རེད། དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་དུ། ས་གནས་དེ་གའི་མང་ཚོགས་ཀྱིས་ངལ་རྩོལ་ནུས་ཤུགས་འདོན་པ་དང་འཕྲུལ་ཆས་བོགས་གཏོང་སོགས་བྱས་པར་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་3900ལྷག་ཙམ་བྱུང་ཡོད་པ་རེད།