བོད་ནི་རྒྱལ་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཕུན་སུམ་ཚོགས་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་ཤིག་རེད། བོད་ཤར་རྒྱུད་ཀྱི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ནི་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་གནས་པ་དང་། ཕྱོགས་བཞི་རི་བོས་བསྐོར་བ། གཙང་པོ་ཤང་ཤང་དུ་རྒྱུག་པ་བཅས་ཀྱིས་རི་ཀླུང་དུ་སྐྱེ་དངོས་ཕུན་སུམ་ཚོགས་པོ་ཡོད། གནའ་སྔ་མོ་ནས་བཟུང་དེ་གར་སྐད་གྲགས་ཆོད་པའི“གསའ་ཡི་གྲོག་རོང”ཞེས་འབོད་པའི་གནས་དེར་གསའ་འཚོ་སྡོད་བྱེད་ཀྱི་ཡོད།
མི་རྣམས་དགའ་འོས་པ་ཞིག་ལ་2013ལོ་ནས་བཟུང་། ལྷོ་རོང་རྫོང་གི་མི་སེར་ཚོས་རི་སྐྱེས་སྲོག་ཆགས་གསའ་འཚོ་གནས་ཁུལ་ཡོད་པ་ཤེས་རྟོགས་བྱུང་བ་མ་ཟད། གསའ་འདྲ་བའི་སྲོག་ཆགས་མཐོང་། འབྲེལ་ཡོད་ཞིབ་འཇུག་མི་སྣས་ཞིབ་འཇུག་བྱས་པ་བརྒྱུད་སྲོག་ཆགས་འདི་ནི་དེ་སྔ་རང་རྒྱལ་གྱི་ལྷོ་བྱང་ས་ཁུལ་དུ་ཁྱབ་པའི་གཟིག་ཡིན་པ་ར་སྤྲོད་བྱས།
2019ལོ་ནས་བཟུང་། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྲུང་ནན་བརྟག་དཔྱད་འཆར་འགོད་ཇུས་འགོད་ཁང་གིས་ལྷོ་རོང་རྫོང་ཁོངས་ཀྱི་གཟིག་ལ་གཙོ་གནད་ཞིབ་འཇུག་བྱས་པ་མ་ཟད། གཟིག་དང་མཉམ་དུ་ཡོད་པའི་སྐྱེ་དངོས་གཞན་ལའང་དུས་གཅིག་ཏུ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་གྱི་ཚན་ཞིབ་ལས་དོན་སྤེལ་བ་རེད། བརྟག་དཔྱད་རགས་ཙམ་བྱས་པའི་འབྲས་བུ་ལས་མངོན་པར། ལྷོ་རོང་རྫོང་ཁོངས་ཀྱི་སྤྱི་ལེ་ངོས་གྲུ་1200ཙམ་གྱི་གཙོ་གནད་ས་ཁོངས་སུ་གསའ་20ལྷག་ཙམ་ཡོད་པའི་ཁར། ད་དུང་གཟིག་30ལྷག་ཙམ་ཡོད་པ་རེད།
འབྲེལ་ཡོད་ཞིབ་འཇུག་མི་སྣས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཁོངས་ནས་ཤེས་རྟོགས་བྱུང་བའི་གཟིག་གི་ཁྱུ་ཚོགས་ནི་མིག་སྔར་མཚོ་བོད་ས་མཐོ་ནས་ཤེས་རྟོགས་བྱུང་བའི་གཞི་ཁྱོན་ཆེ་ཤོས་དང་འདུས་ཚད་མང་ཤོས་ཀྱི་རི་སྐྱེས་གཟིག་གི་ཁྱུ་ཚོགས་ཤིག་ཡིན་པ་དང་། ཧྭ་བྱང་གཟིག་གི་རིགས་རྒྱུད་གཉིས་པ་ཡིན་པ་དཔྱད་འདོམས་བྱས་པ་བརྒྱུད། དེ་དག་ནི་དེ་སྔ་ཐའེ་ཧང་རི་རྒྱུད་དུ་འཚོ་གནས་བྱེད་པ་དང་ད་ཆ་སྟོངས་ལ་ཉེ་བའི་དངོས་རིགས་བརྒྱ་ཕྲག་ཁ་ཤས་ལས་མེད་ཅིང་། སྐྱེ་ཁམས་མ་ལག་ཕུན་སུམ་ཚོགས་པའི་ས་ཁུལ་དུ་གཞི་ནས་གསའ་དང་གཟིག་འཚོ་གནས་ཐུབ་ཀྱི་ཡོད་པ་རེད།
ལོ་མང་རིང་། བོད་ཀྱི་སྐྱེ་ཁམས་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་ས་ཁུལ་མང་ཆེ་བ་སྔར་བཞིན་གདོད་མའི་རྣམ་པར་གནས་པས། ད་བར་སྔར་བཞིན་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གཟིག་མཚོ་བོད་ས་མཐོར་འཚོ་གནས་ཐུབ་ནས་དེ་གར་ཡོད་པའི་གསའ་དང་མཉམ་དུ་འཚོ་སྡོད་ཐུབ་པར་སྐུལ་འདེད་བཏང་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྱོང་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་200ལས་བརྒལ་བ་དང་། ཞན་འགྱུར་འདམ་ར་སྲུང་སྐྱོང་སླར་གསོ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་ལས་གྲྭའི་རྣམ་གྲངས་གཙོ་གནད་སྤེལ་བར་བརྟེན་མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་རྣམ་པ་མངོན་བཞིན་ཡོད། སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པར་བརྟེན་བོད་ས་ཁོངས་ནང་གི་སྲུང་སྐྱོང་སྐྱེ་དངོས་རིགས་ཀྱི་ཁྱུ་ཚོགས་མང་ཆེ་བའི་གྲངས་འབོར་སླར་གསོ་ཐུབ་ནས་མང་དུ་ཕྱིན་འགྲོ་བཞིན་ཡོད་པ་རེད།