དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་དིང་རི་རྫོང་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུར་ཡུལ་སྐོར་ཡོང་འབབ་མང་བས་འཚོ་བར་རེ་བས་ཁེངས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-03-24

    སྲང་ལམ་གཙང་ཞིང་གྲལ་འགྲིག་པ་དང་རིམ་པ་སྟར་ཆགས་སུ་གནས་པའི་བོད་བཟོའི་སྡོད་ཁང་ལ་དེང་རབས་ཀྱི་མཛེས་རྒྱན་ལེགས་པར་སྤྲས་ཡོད། དེ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་གིས་བེད་སྤྱོད་བཏང་མ་ཐག་པའི“ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ”ཡིན་པ་དེ་ཇོ་མོ་གླང་མའི་སྒར་ས་ཆེ་མོ་དང་བར་ཐག་སྤྱི་ལེ་བཅུ་ཕྲག་ཁ་ཤས་ལས་མེད། རིར་འཛེག་མཁན་མང་བའི་དུས་ཚིགས་འཆར་རིམ་བཞིན་ཡུལ་སྐོར་བས་རྟག་ཏུ་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ནས་རང་ཉིད་དེ་གར་ཕྱིན་པའི་གནས་ཚུལ་སྤེལ་གྱི་ཡོད་ལ། “ཇོ་མོ་གླང་མའི་རི་འདབས་སུ་ཡུལ་སྐོར་གྱི་ཉམས་ལེན་དེ་ལྟ་བུ་ཞིག་ཡོད་པ་བསམ་བློར་ཡང་འཁོར་མྱོང་མེད”

    བློ་བཟང་ནི་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་ཕུན་ཚོགས་ཁང་བཟང་མགྲོན་ཁང་གི་ལས་མི་ཞིག་རེད་ལ། ས་སྐྱེས་རྡོ་སྐྱེས་ཀྱི་བཀྲ་ཤིས་འཛོམས་པ་ཞིག་ཀྱང་རེད། ཝུའུ་ཧན་དུ་སློབ་ཆེན་འགྲིམ་པའི་ཁོང་སྔོན་ཆད་ལྷ་ས་སོགས་སུ་ལས་ཀ་བྱེད་མྱོང་ཡོད། འོན་ཀྱང་མཐར་རང་ཡུལ་དུ་ལོག་རྒྱུའི་གདམ་ག་བྱས།

    གདམ་ག་ནི་འགྱུར་ལྡོག་ལས་བྱུང་བ་ཞིག་རེད། “ལོ་ཁ་ཤས་གོང་། ཤང་ནས་རྫོང་དུ་འགྲོ་བར་རླངས་འཁོར་ལ་ཉིན་གང་སྡོད་དགོས་པ་དང་། རྟག་ཏུ་ཆུ་དང་གློག་ཆད་ཀྱི་ཡོད། “སྐབས་དེ་དུས་རྩེར་སོན་གྱི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཞིག་གཉེར་དགོས་ཞེས་བརྗོད་ན་རང་ཉིད་ལ་ཡིད་ཆེས་གཏན་ནས་མེད”ཅེས་བློ་བཟང་གིས་བརྗོད། ཧྲང་ཧའེ་ཡིས་རོགས་སྐྲུན་བྱས་པའི་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ་བསྐྲུན་ཟིན་པ་དང་ཆབས་ཅིག་བློ་བཟང་གི་གདེང་ཚོད་ཀྱང་སྔར་བས་ཆེ་རུ་ཕྱིན་པ་སྟེ། གཞུང་ལམ་སྔར་བས་ཡངས་ཤིང་ཁོད་སྙོམས་ལ་འགྲིམ་འགྲུལ་ཉིན་བཞིན་སྟབས་བདེ་རུ་ཕྱིན་པ་དང་། ཁང་པ་སྒྱུར་བཀོད་བྱས་པ་བརྒྱུད་སྡོད་ཁང་གི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། ཚོང་ལས་ཀྱི་སྒྲིག་ཆས་དེ་བས་མང་དུ་འགྲོ་བཞིན་པ་དེ་རེད།

    གྲོང་མི་བུ་རབས་ཚ་རྒྱུད་ཚང་མ་ནི་ཞིང་བྲན་ཡིན་པས་སྔོན་ཆད་ཀྱི་འཚོ་བ་སྐྱོ་པོ་ཁོང་ཚོས་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་བརྟན་པོར་ངེས་ཡོད། ཇོ་མོ་གླང་མ་ནི་སྔར་བཞིན་འགྱིང་ངེར་གནས་པ་དང་། མཛེས་ལྗོངས་ཡག་པོ་ལས་ཡུལ་སྐོར་ཡོང་འབབ་མང་པོ་རག་ནས་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པ་དང་། ཤང་ཡོངས་ཀྱི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་13000ལྷག་ཙམ་ཟིན་ཡོད། “ཡུལ་སྐོར་ཐོན་ལས་རྒྱུན་ཆད་མེད་པར་རིམ་སྤོར་བྱས་པས་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་། ཡུལ་སྐོར་གྱི་ཡོང་འབབ་བྱུང་བ་ནས་ཡུལ་སྐོར་གྱི་ཡོང་འབབ་ཡག་པོ་བྱུང་བའི་བར་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་ཡོད”ཅེས་བཀྲ་ཤིས་འཛོམས་ཤང་གི་ཤང་ཀྲང་ཡོན་ཅུན་གྱིས་བཤད།

    “ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་སྣེ་ལེན་གྱི་ནུས་པ་ཆེ་རུ་གཏོང་བར་ད་དུང་ལེ་ལག་ཚང་བའི་སྒྲིག་བཀོད་མང་པོ་ཞིག་ལེགས་སུ་གཏོང་དགོས་ཀྱི་ཡོད”ཅེས་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དིང་རི་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལི་ཞའོ་ཧུའེ་ཡིས་བཤད། ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་སྲིད་གཞུང་གིས་ཆེད་མངགས་མ་དངུལ་བཏང་ནས་འཚོ་བའི་གད་སྙིགས་རིགས་དབྱེ་བསྡུ་རུབ་དང་། བར་བརྒྱུད་གཙང་སེལ་ལྟེ་གནས། བཙོག་ཆུ་གཙང་གསིང་རྣམ་གྲངས་བཅས་བསྐྲུན་ནས་བཀྲ་ཤིས་འཛོམས་ཤང་གི་འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་གསིང་གི་གནོན་ཤུགས་ཆུང་དུ་བཏང་སྟེ་ཇོ་མོ་གླང་མའི་མཐའ་འཁོར་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ཡོད།

    ཇོ་མོ་གླང་མའི་འདབས་སུ་འཚོ་བ་སྐྱེལ་མཁན་ཚེ་རིང་སྐལ་ལྡན་གྱི་ཕ་ཆུང་དུས་རི་འཛེག་སྣེ་ཤན་པ་ཞིག་ཡིན་པ་དང་། རི་འཛེག་མཁན་ལ་ཞབས་འདེགས་ཞུས་ནས་འཚོ་བའི་འགྲོ་གྲོན་རག་ཐབས་བྱེད་ཀྱི་ཡོད། ཐོག་མར་ཤང་གིས་ཉེ་འགྲམ་དུ་གུར་འགའ་བརྒྱབ་ནས་ཡུལ་སྐོར་བར་ཞག་སྡོད་མཁོ་འདོན་བྱེད་ཀྱི་ཡོད། ཚེ་རིང་སྐལ་ལྡན་གྱིས་སྐབས་དེ་དུས་གུར་གྱི་ཆ་རྐྱེན་ཐབས་ཆག་ཡིན་པ་དང་ལོ་གཅིག་གི་སྣེ་ལེན་ཞུ་བའི་དུས་ཚོད་ཟླ་གསུམ་ནས་ལྔ་ཙམ་ལས་མེད་པས་ཡོང་འབབ་མང་པོ་རག་གི་མེད་ཅེས་དྲན་གསོ་བྱེད་བཞིན་བརྗོད།

    རྩེར་སོན་ཡུལ་སྐོར་ཁེ་ལས་ཞུགས་པ་དང་བསྟུན་ནས་སྔོན་ཆད་ཀྱི་ཆ་རྐྱེན་བལྟོས་བཅས་རྗེས་ལུས་ཡིན་པའི་ཁྱིམ་ཚང་མགྲོན་ཁང་སྒྱུར་བཀོད་རིམ་སྤོར་བྱས་པས། སྣེ་ལེན་གྱི་ནུས་པ་ཆེ་རུ་ཕྱིན་པ་དང་མང་ཚོགས་ལ་ཡོང་འབབ་མང་པོ་རག་ཡོད། ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་མཚན་སྙན་སྔར་བས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཚེ་རིང་སྐལ་ལྡན་གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། ཁོང་གི་ཁྱིམ་ཚང་མགྲོན་ཁང་ཡང་ཡུལ་སྐོར་བ་མང་པོ་ཞིག་གི་གདམ་ག་ཨང་དང་པོར་གྱུར།

    ད་ཆ་ས་གནས་དེ་གའི་ཡུལ་སྐོར་དེ་བས་མང་བ་དྲ་སྦྲེལ་དང་འབྲེལ་མཐུད་བྱས་ཏེ་རང་ཉིད་དང་འཚམ་པའི་གཉེར་སྐྱོང་ལམ་བུ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད། “ཧྲང་ཧའེ་ཡི་བོད་སྐྱོར་རུ་ཁག་གི་རྒྱབ་སྐྱོར་འོག་ང་ཚོས་ཁྱིམ་ཚང་མགྲོན་ཁང་གི་སྦྱོང་བརྡར་སྒར་ས་བཙུགས་ནས་ཁེ་ལས་གཉེར་སྐྱོང་བར་བསམ་ཕྱོགས་གསར་གཏོད་བྱེད་རོགས་བྱས་ཏེ་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་གཞན་སྒྱུར་རིམ་སྤོར་དང་སྣེ་མང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད”ཅེས་ཤེ་ཁྲེང་ཚོགས་པའི་བོད་སྐྱོར་ལས་བྱེད་པ་ཁྲུང་ཆིང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏེང་ཆིས་བཤད།

    “ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུའི་ཐོན་ལས་དཔེ་སྟོན་རྣམ་གྲངས་མུ་མཐུད་བཏོད་དེ་ཉེ་འཁོར་གྱི་གྲོང་ཚོར་ཁྱབ་འགྱེད་ཐུབ་པར་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མོང་ཝུན་ཧའེ་ཡིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།