དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ​ ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་བསྐྲུན་པའི་སྔོ་ལྗང་ཁུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-22

    དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པར་ལྷུན་རྩེ་རྫོང་དུ་ལོ་གཅིག་ནང་ཟླ་བ་བརྒྱད་ཙམ་ཐལ་རླུང་ལྡང་གི་ཡོད།

    “ཐལ་རླུང་ལྡང་སྐབས་ཞིང་ཁ་བྱེ་མས་བསྣུབས་པ་དང་ཁང་པའི་མཐའ་འཁོར་དུ་བྱེ་མས་ཁེངས་པས། གྲོང་མི་རྣམས་ག་བྱེད་འདི་བྱེད་མེད་པར་འགྱུར་གྱི་ཡོད། ད་ཆའི་སྔོ་ལྗང་ནགས་ཚལ་གྱི་ཡིད་དགའི་རྣམ་པ་དང་བསྡུར་ན་རྦད་དེ་གནམ་ས་འཛོལ་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་མང་མཚོ་གྲོང་ཚོའི་བགྲེས་སོང་བསོད་ནམས་ལྷ་རྒྱལ་གྱིས་བརྗོད།

    1964ལོར་ལྷུན་རྩེ་རྫོང་ཞིང་པ་ཤང་གི་ཤང་ཀྲང་རྣམ་འཛོམས་ལྗོངས་ཕྱིར་ལྟ་སྐོར་སློབ་སྦྱོང་བྱེད་སྐབས་ཤིང་འཛུགས་བྱེ་འགོག་གི་ཐབས་བཟང་དེ་ཤེས། ཕ་ཡུལ་དུ་ལོག་རྗེས་ཁོང་གིས་མང་ཚོགས་ལ“ལྷུན་རྩེ་ནམ་ཡང་གནས་བསམས་ཚེ་བྱེ་འགོག་བྱེད་དགོས། བྱེ་འགོག་བྱེད་དགོས་ཚེ་ལྗོན་ཤིང་མང་ཙམ་འདེབས་དགོས”ཞེས་བཤད།

    དེ་རྗེས་རྣམ་འཛོམས་ཀྱིས་མང་ཚོགས་སྣེ་ཁྲིད་དེ་མང་མཚོ་གྲོང་ཚོའི་བྱེ་ཐང་དུ་རྒྱ་ལྕང་དང་། སྦྱར་པ། གླ་འཚེར་སོགས་ཚོད་འདེབས་བྱས། འོན་ཀྱང་ལྷུན་རྩེའི་ས་ཆར་བ་ཚྭ་མང་བར་བརྟེན་ལོ་གཉིས་སོང་རྗེས་སྦྱར་པ་དང་རྒྱ་ལྕང་རིམ་བཞིན་སྐམ་རུང་། གླ་འཚེར་སྐྱེ་འཚར་ཡག་པོ་བྱུང་བས། དུས་དེ་ནས་བཟུང་གླ་འཚེར་དེ་ལྷུན་རྩེ་ལུང་གཞུང་གི་ཤིང་འཛུགས་ནགས་བཟོའི་གདམ་ག་དང་པོར་གྱུར།

    སྐབས་དེ་དུས་གླ་འཚེར་གྱི་སྡོང་ཕྲུག་དཀོན་པས་སྤྱི་ལེ་60ཡི་སར་ཡོད་པའི་ཞོལ་གསར་ཤང་དུ་ལེན་པར་བསྐྱོད་ནས་མི་ཐབས་ལ་བརྟེན་ཏེ་འདེབས་གསོ་བྱེད་ཀྱི་ཡོད། སྐྱེལ་འདྲེན་གྱི་ལག་ཆ་མེད་སྐབས། མང་ཚོགས་ཚོས་སྒལ་པར་བརྟེན་ནས་དབོར་གྱི་ཡོད།

    མི་རབས་ནས་མི་རབས་བར་གྱི་ལྷུན་རྩེའི་ལས་བྱེད་པ་དང་མང་ཚོགས་ཚོའི་འབད་བརྩོན་འོག་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་ལྷུན་རྩེའི་ལུང་གཞུང་དུ་རིང་ཚད་སྤྱི་ལེ་40ལྷག་ཙམ་དང་ས་བཟུང་མུའུ་ཁྲི་7.5ཡོད་པའི“ལྗང་མདོག་སྲུང་ཡོལ”བསྐྲུན་ཡོད།

    ད་ཆ་ལྷུན་རྩེ་ལུང་གཞུང་གི་སྐྱེ་ཁམས་ཁོར་ཡུག་ཐད“གཉིས་འཕར་གཉིས་འཕྲིའི”འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། ཆར་པ་བབས་མང་དུ་ཕྱིན་པ་དང་ཐལ་རླུང་ལྡང་བའི་ཉིན་གྲངས་ཉུང་དུ་ཕྱིན་པ་དང་། ཞིང་ས་གཤིན་པོ་མང་དུ་སོང་བ་དང་བ་ཚྭ་ཅན་གྱི་ས་ཞིང་ཉུང་དུ་ཕྱིན་ཡོད། ཕུན་སུམ་ཚོགས་པའི་ལག་ལེན་ཁྲོད་ལྷུན་རྩེ་རྫོང་གིས་ད་དུང“རྩི་ཤིང་དང་རྩྭ་ཟུང་འབྲེལ་དང་། རྩྭ་ལ་བརྟེན་ནས་ནགས་ཚལ་སྲུང་སྐྱོང་། ནགས་ཚལ་ལ་བརྟེན་ནས་བྱེ་འགོག”བཅས་ཀྱི་བཅོས་སྐྱོང་བྱེད་ཐབས་ཕྱོགས་སྡོམ་བྱས་ཡོད།

    2019ལོར་ལྷུན་རྩེ་རྫོང་རྒྱལ་ཡོངས་ཀྱི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་ཁག་གསུམ་པར་གཏན་འཁེལ་བྱས། ལོ་དེའི་ཟླ་བ་དགུ་པར་ལྷུན་རྩེ་རྫོང་གི་གླ་འཚེར་ནགས་ཚལ་དེ་འཛམ་གླིང་གི་ཟིན་ཐོའི་བདེན་དཔང་སྒྲིག་གཞིས(WRCA)“འཛམ་གླིང་ཐོག་གི་མི་ཐབས་ལ་བརྟེན་ནས་བཏབ་པའི་ཡུག་སྦྲེལ་གླ་འཚེར་ནགས་ཚལ་ཆེ་ཤོས”ལ་གཏན་འཁེལ་བྱས།

    མིག་སྔར་རྫོང་ཡོངས་སུ་མི་ཐབས་ལ་བརྟེན་ནས་བཏབ་པའི་གླ་འཚེར་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་50.33ཟིན་ཞིང་། 2021ལོར་ལྷུན་རྩེ་རྫོང་གི་གླ་འཚེར་གྱི་འབྲུ་གུ་བཙོངས་པའི་ཡོང་འབབ་སྒོར་ཁྲི་179ལས་བརྒལ་བ་དང་གླ་འཚེར་གྱི་སྡོང་ཕྲུག་བཙོངས་པའི་ཡོང་འབབ་སྒོར་ཁྲི་222ལས་བརྒལ་ཡོད། གླ་འཚེར་ནགས་ཚལ་དུ་ད་དུང་ཨ་རིའི་སྣ་མའི་མེ་ཏོག་དང་རྩྭ་འབུ་སུ་ཧང་སོགས་བཏབ་པའི་རྒྱ་ཁྱོན་མུའུ་3500ལྷག་ཙམ་ཟིན་པ་དང་ལོར་ཐེངས་གསུམ་བརྔ་ཆོག་པས་ནོར་ལུག་གི་གཟན་རྩྭ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་ཡོད། གཟན་རྩྭ་ལྷག་མ་ཞིང་ལས་གྲོང་གསེབ་ཅུས་དང་བཞོན་མའི་རྟེན་གཞིར་བཙོངས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱེད་ཀྱི་ཡོད།

    ལྷུན་རྩེ་ལུང་གཞུང་སྔོ་ལྗང་ཅན་ལ་གྱུར་པ་དང་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཞིང་། “གླ་འཚེར་ནགས་ཚལ་ལས་མང་ཚོགས་ལ་ལས་ཞུགས་ལས་གནས་མང་དུ་ཕྱིན་པ་དང་བར་གསེང་དུ་རྩྭ་འདེབས་པ་དང་གླ་འཚེར་གྱི་འབྲུ་གུ་ཕྱིར་ཚོང་སོགས་བྱས་པས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་སྟོང་ཡན་བྱུང་ཡོད”ཅེས་ལྷུན་རྩེ་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བས་བརྗོད།

    “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་བསྟར་གྱི་ལམ་བུའི་ཐོག་ལྷུན་རྩེ་རྫོང་གི་མི་དམངས་ཚོས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ནི་འབབ་ཁུངས་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་ལ། མང་ཚོགས་ཚོས་ཀྱང་སྐྱེ་ཁམས་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་བཞིན་གོམ་སྟབས་བརྟན་པོས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།